ལས་ལ་བརྩོན་པའི་ལག་ཟུང་གིས་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་པ།
—— ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་དབང་པོ་སྐྱོན་ཅན་ལས་ཞུགས་རྟེན་གཞིའི་སྐོར་བཀོད་པ།
❋ ས་ཁྱོན་སྨི་ངོས་གྲུ་5000ཙམ་ཟིན་པའི་ལས་ཞུགས་རྟེན་གཞི་འདི་སྔོན་ཆད་གྲ་ནང་རྫོང་ཡང་སྦྱར་གྲོང་ཚོའི་འགན་ལེན་ལྔའི་དུད་ཚང་གི་བསྙེན་བཀུར་ལྟེ་གནས་ཡིན།
❋ རྟེན་གཞི་དེས་རིམ་རྩིས་བརྒྱབ་ན་ལས་མི་67བསྡུས་པར་དབང་པོ་སྐྱོན་ཅན་ལས་མི་38ཡོད་པ་དང་། ལོ་བདུན་རིང་རིམ་རྩིས་བརྒྱབ་ན། ཁེ་སྤོགས་སྒོར་ཁྲི་36ལྷག་བགོ་བཤའ་བརྒྱབ་ཡོད།
❋ རྟེན་གཞིའི་ལོ་རེའི་ཡོང་འབབ་2018ལོའི་སྒོར་ཁྲི་18ནས་2024ལོའི་སྒོར་ཁྲི་48.56བར་འཕར་ནས་ལོ་རེར་ཆ་སྙོམས་འཕར་ཚད་21.6%ཟིན་ཡོད།
ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་དབང་པོ་སྐྱོན་ཅན་ལས་ཞུགས་རྟེན་གཞིའི་ཉི་འོད་བཟོ་ཁང་དུ་པ་སངས་ཟླ་བ་དང་འདྲ་བའི་ལས་མི་དབང་པོ་སྐྱོན་ཅན་38ཀྱིས་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་བཞིན་ཡོད་པ་རེད།
“ད་ཆ། ངས་ལས་མི་གསར་པར་འཚེམ་འཁོར་སྤྱོད་སྟངས་བསླབས་ཐུབ་ཀྱི་ཡོད”ཅེས་ཤོད་ཞོར་པ་སངས་ཟླ་བས་དྲས་ཚར་པའི་རས་ཆ་བཞག་ནས་ལས་སྟེགས་མདུན་གྱི“རྐང་འཛིན་ལས་མི”ཞེས་འཁོད་པའི་གཟེངས་རྟགས་བསྟན། ལས་ཀ་དེ་མ་རག་གོང་། སྐབས་ཤིག་རིང་པ་སངས་ཟླ་བའི་མི་ཚེ་ནི“འཛིན་ཐག་ཆད་པའི་ཤོག་བྱ”བཞིན་དུ་གར་འགྲོ་འདིར་འགྲོ་མེད་པར་གྱུར་ཡོད། ཡིན་ན་ཡང་ད་ཆ་པ་སངས་ཟླ་བས་ཟླ་ཕོགས་བླངས་ནས་ནང་མི་ཚོའི་འཚོ་བའི་དགོས་མཁོ་སྐོང་ཐུབ་པ་མ་ཟད། གྲོང་ཚོ་དེའི་གཞོན་ནུ་ཚོའི་དཔེ་ལྟ་སར་ཡང་གྱུར་ཡོད་པ་རེད།
ས་ཁྱོན་སྨི་ངོས་གྲུ་5000ཙམ་ཟིན་པའི་ལས་ཞུགས་རྟེན་གཞི་འདི་སྔོན་ཆད་གྲ་ནང་རྫོང་ཡང་སྦྱར་གྲོང་ཚོའི་འགན་ལེན་ལྔའི་དུད་ཚང་གི་བསྙེན་བཀུར་ལྟེ་གནས་ཡིན་པ་དང་། འགན་འཁུར་བ་ལྷག་ཆུང་གི་བསམ་ཡུལ་ལས་འདས་པ་ཞིག་ལ། 2018ལོར་གཞན་སྒྱུར་བྱས་པ་བརྒྱུད། རྒྱལ་ཁབ་ཀྱིས་ཁ་གསབ་དང་ཁེ་ལས་ཀྱིས་རང་གྲབས་བྱས་ནས་བཙུགས་པའི་གྱོན་ཆས་བཟོ་གྲྭ་དེ་དབང་པོ་སྐྱོན་ཅན་ཚོའི་ལས་དབང་ལ་འགྱུར་ལྡོག་གཏོང་བའི“ཕུགས་འདུན་མངོན་འགྱུར་བཟོ་གྲྭ”ཞིག་ཏུ་གྱུར་ཡོད་པ་རེད།
ལྷག་ཆུང་གིས་བོད་ཆས་འཚེམ་བཞིན་པའི་པད་མ་སྒྲོལ་དཀར་ལ་ལྟ་བཞིན“འདི་གར་མི་ཚང་མར་རང་ཉིད་དང་འཚམ་པའི་ལས་གནས་ཡོད”ཅེས་བཤད། པད་མ་སྒྲོལ་དཀར་བཟའ་ཚོ་གཉིས་ཀས་བཟོ་གྲྭ་དེར་ལས་ཀ་བྱེད་ཀྱི་ཡོད་ལ་ཟླ་རེར་ཡོང་འབབ་སྒོར་6000ལྷག་ཡོད་པ་རེད། པད་མ་སྒྲོལ་དཀར་གྱིས་གསར་འགོད་པར“སྔོན་ཆད་རང་ཉིད་ནང་མིའི་ཁུར་པོར་འགྱུར་མི་ཡོང་ངམ་སྙམ་ནས་སེམས་ཁྲལ་ཆེན་པོ་ཡོང་གི་ཡོད། ཡིན་ན་ཡང་ད་ཆ་ངའི་འཚོ་བ་ཧ་ཅང་སྐྱིད་པོ་འདུག”ཅེས་བཤད།
2018ལོར་ཕྱོགས་སྒྱུར་བྱས་ཚུན་དུ། རྟེན་གཞི་དེས་རིམ་རྩིས་བརྒྱབ་ན་ལས་མི་67བསྡུས་པར་དབང་པོ་སྐྱོན་ཅན་38ཡོད་པ་དང་། ལོ་བདུན་རིང་རིམ་རྩིས་བརྒྱབ་ན། ཁེ་སྤོགས་སྒོར་ཁྲི་36ལྷག་བགོ་བཤའ་བརྒྱབ་ཡོད་པ་རེད། རྟེན་གཞི་དེས་དབང་པོ་སྐྱོན་ཅན་ལ་རོགས་རམ་དང་དཀའ་ངལ་ཅན་ལ་རོགས་སྐྱོར་བྱེད་པའི་སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ཐོག་ལས་ཞུགས་ཐབས་ལམ་དང་ལས་གཏོད་རོགས་སྐྱོར་གཉིས་མཉམ་སྒྲུབ་མཉམ་སྐྱོད་བྱེད་པའི་རོགས་སྐྱོར་བྱེད་སྟངས་བརྒྱུད་དབང་པོ་སྐྱོན་ཅན་9དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་གི་མང་ཚོགས་10ལ་རྒྱབ་སྐྱོར་བྱས་ཤིང་། སྒྲོལ་མ་ཁོང་ཚོའི་གྲས་ཤིག་རེད། དེ་སྔའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ནས་ཡིན་པའི་ཁོ་མོས་ད་ཆ་རྟེན་གཞིའི་རྒྱབ་སྐྱོར་ལ་བརྟེན་ནས་མི་རིགས་གྱོན་ཆས་ཚོང་ཁང་ཞིག་བཙུགས་པར་ལོ་རེར་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་ཡོད་པ་རེད།
རྟེན་གཞིའི་འགྲེམས་ཁུལ་ནས་གསར་འགོད་པས་མཐོང་གསལ། གཡོན་ངོས་གྱང་སྡེབས་སུ་རྟེན་གཞི་དེས་བཟོས་པའི་སློབ་མའི་སློབ་གོས་དང་། ལྗོངས་ནང་ཁུལ་གྱི་ཡུལ་གྲུ་ཁག་གི་སྲོལ་རྒྱུན་བོད་ཆས་བཀལ་ཡོད་པ་དང་། དེ་བཞིན་སྲིང་བལ་གྱི་ཉལ་ཆས་མཐུག་པོ་གྲལ་འགྲིག་པོར་བཞག་ཡོད་པ་དང་། གཡས་ངོས་སུ“ལྗོངས་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་གྱི་སྔོན་ཐོན་མཉམ་སྡེབ”དང“རྒྱལ་ཁབ་རིམ་པའི་དབང་པོ་སྐྱོན་ཅན་ལས་རིགས་གསོ་སྦྱོང་རྟེན་གཞི”སོགས་གཟི་བརྗིད་མཚན་སྙན་ལག་ཁྱེར་བཀལ་ཡོད་པ་རེད། ལྷག་ཆུང་གིས། རྟེན་གཞིའི་ལོ་རེའི་ཡོང་འབབ་2018ལོའི་སྒོར་ཁྲི་18ནས་2024ལོའི་སྒོར་ཁྲི་48.56བར་འཕར་ནས་ལོ་རེར་ཆ་སྙོམས་འཕར་ཚད་21.6%ཟིན་ཡོད། ཐོན་ཟོག་དེ་དག་ལྷོ་ཁ་རང་དུ་འཚོང་བ་མ་ཟད། ད་དུང་ནག་ཆུ་དང་མངའ་རིས་སོགས་ས་ཁུལ་དང་གྲོང་ཁྱེར་དུའང་འཚོང་གི་ཡོད་ཅེས་ངོ་སྤྲོད་བྱས།