དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལས་དོན་རུ་ཁག་གིས་བྱ་བ་དངོས་བསྒྲུབས། ཡར་གྲོང་གྲོང་ཚོར་འགྱུར་ལྡོག་ཧ་ཅང་ཆེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-13

    གྲོང་གསེབ་ནི་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་གཞི་རྟེན་ཡིན་ལ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཁྱིམ་གཞིས་ཀྱང་རེད། གནས་འཕྲོད་ལས་འཚམ་དང་མཛེས་མཐུན་ནི་མང་ཚོགས་ཀྱིས་གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བར་བཅངས་པའི་ཆེས་བབ་ཆགས་པའི་རེ་འདུན་དང་རེ་སྙེག་ཅིག་རེད།

    ནག་ཆུ་གྲོང་ཁྱེར་སོག་རྫོང་གསེར་ཊ་ཤང་ཡར་གྲོང་གྲོང་ཚོར་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གསུམ་པ་བཅའ་སྡོད་བྱས་པ་ནས་བཟུང་། མང་ཚོགས་ཀྱི་འགྲོ་སྐྱོད་དཀའ་ངལ་སེལ་ཆེད་གྲོང་ཚོའི་འགྲོ་ལམ་ཉམས་གསོར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། སྔོན་ཆད་ཀྱི་ཀྱག་ཀྱོག་གི་ལམ་ཕྲན་ད་ཆ་རྒྱ་ཆེ་བའི་སེག་ལམ་ཁོད་སྙོམས་པོར་གྱུར་པས། མང་ཚོགས་ནམ་རྒྱུན་གྱི་འགྲོ་སྐྱོད་ཐད་སྟབས་ཇེ་བདེར་སོང་བ་དང་། ཞིང་ལས་ཐོན་ཟོག་སྐྱེལ་འདྲེན་ལ་སྔར་བས་སྟབས་བདེ་བྱུང་ནས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྨང་གཞི་བཏིང་ཡོད། དེ་དང་ཆབས་ཅིག་མང་ཚོགས་འགྲོ་སྐྱོད་ཀྱི་བདེ་འཇགས་ལ་འགན་ལེན་ནུས་ལྡན་བྱ་ཆེད། གྲོང་སྡོད་ལས་དོན་རུ་ཁག་གིས་ཐོན་ཁུངས་མཐུན་སྦྱོར་ཧུར་ཐག་བྱས་ཏེ་སྒོར་ཁྲི་6ལྷག་ཙམ་བཏང་ནས་གྲོང་ཚོའི་ནང་གི་མང་ཚོགས་དུད་ཚང་25ཡི་སྒོ་འགྲམ་དུ་ལམ་སྒྲོན་བསྒར་ཞིང་། མཚན་མོར་ལམ་སྒྲོན་རེ་རེ་གསལ་པོར་འཚེར་ནས་མང་ཚོགས་བདེ་འཇགས་ངང་ཁྱིམ་དུ་ལོག་པའི་ལམ་བུ་གསལ་པོར་འགྱུར་ཡོད།

    ཆུ་སྤྱོད་ཀྱི་གནད་དོན་ནི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་འབྲེལ་བ་ཡོད་ཅིང་། གྲོང་སྡོད་ལས་དོན་རུ་ཁག་གིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། གྲོང་ཚོའི་ནང་གི་དུད་ཁྱིམ་ཚང་མར་ཆུ་འཁྲིད་ཐུབ་པ་བྱུང་ཡོད། མང་ཚོགས་ཐར་འཕེལ་ཁྱིམ་གྱི་ཁང་པ་གཙང་ལ་གྲལ་སྒྲིག་པ་དང་ཅ་དངོས་གོ་རིམ་ལྡན་པའི་ངང་བཞག་པ་གསར་འགོད་པས་མཐོང་བྱུང་། ཐར་འཕེལ་གྱིས་དགའ་སྤྲོའི་ངང་གསར་འགོད་པ་ཁྲིད་ནས་ཁོང་ཁྱིམ་གྱི་ཆུ་ཀ་ལ་སྟོན་བཞིན་དུ་དེ་ག་ལེར་སྐོར་ཙམ་བྱས་པས་ཆུ་རྒྱུན་གཙང་མ་ཤག་ཤག་ཏུ་འབབ་ཡོང་། “གྲོང་སྡོད་ལས་དོན་རུ་ཁག་གིས་བྱ་བ་དངོས་བསྒྲུབས་ནས་ང་ཚོར་འཐུང་ཆུའི་དཀའ་ངལ་ཐག་གཅོད་རོགས་བྱས་བྱུང་། ཆུ་ཀ་ལ་ཡོད་པ་ནས་བཟུང་ང་ཚོས་གྱོན་གོས་འཁྲུད་པ་དང་ཁ་ལག་བཟོ་བ། ཁང་པར་གད་ཕྱིས་རྒྱག་པ། བཀྲུ་བཤལ་གཙང་སྦྲ་བཅས་ལ་སྔར་བས་སྟབས་བདེ་བྱུང་བས། འཚོ་བའི་སྤུས་ཚད་ཀྱང་ཧ་ཅང་ལེགས་སུ་ཕྱིན་སོང་། ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཐར་འཕེལ་གྱིས་དགའ་ཚོར་ཆེན་པོས་བཤད།

    “ཉེ་བའི་ལོ་གཅིག་རིང་། ང་ཚོས་འཇུག་གཞི་ཆུང་བ་དང་། སྒྲུབ་ཐུབ་པ། མང་ཚོགས་ལ་ཕན་ཐོགས་པ་བཅས་ཀྱི་ཕྱོགས་ནས་འགོ་བཙུགས་ཏེ་གནད་དོན་སྣ་ཚོགས་40ལྷག་ཙམ་སྔ་རྗེས་སུ་ཐག་གཅོད་བྱས་ཡོད། དུས་མཚུངས་སུ་གཅེས་སེམས་མི་སྣ་དང་འབྲེལ་གཏུག་བྱས་ནས་འཚམས་འདྲི་དང་སྤྱི་ཕན་བྱེད་སྒོ་ཐེངས་མང་སྤེལ་ནས་མང་ཚོགས་ལ་དེ་བས་མང་བ་དང་། དེ་བས་ཐད་ཀར། དེ་བས་གནད་འཕིགས་བཅས་ཀྱི་སྒོ་ནས་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཐོབ་པར་བྱས་ཡོད”ཅེས་ཡར་གྲོང་གྲོང་ཚོའི་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཅིག་ལྕོགས་ཡིན་པའི་བྱམས་པ་བསྟན་འཛིན་གྱིས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།