ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས།
ཁ་ཐོར་དུ་ཉིན་གླ་རྒྱུག་མཁན་གྱི་ལས་ཞུགས་ཚད་ལྡན་ཡོང་བར་སྐུལ་འདེད་བཏང་བ།
ཉིན་གླ་རྒྱུག་མཁན་གྱིས“ཁྲོམ་གཞུང་དུ་ལངས་ནས་ལས་ཀ་འཚོལ་བར”གཙང་སེལ་བྱ་ཆེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱིས“དྲ་ཐོག་དང་དྲ་ཕྱི་ཟུང་དུ་འབྲེལ་བའི”མཉམ་འགུལ་ཞབས་འདེགས་ཞུ་སྟངས་ལ་བརྟེན་ནས། ཁ་ཐོར་དུ་ཉིན་གླ་རྒྱུག་མཁན་ཚད་ལྡན་ཅན་གྱི་ཁྲོམ་རར་གོ་རིམ་ལྡན་པའི་ངང་ཕྱོགས་སྒྱུར་ཡོང་བར་སྐུལ་འདེད་བཏང་ཞིང་། མིག་སྔའི་བར། རིམ་རྩིས་བརྒྱབ་ན། གླ་པ་རྒྱུག་མཁན་110གྲངས་འཛིན་ཅན་གྱི་ལས་ཞུགས་ལས་སྟེགས་ལ་ཐོ་བཀོད་དང་བེད་སྤྱོད་བྱེད་པར་ཁྲིད་སྟོན་གྱིས་མི་10ལས་ཞུགས་བརྟན་པོ་ཡོང་བར་རོགས་རམ་བྱས་ཤིང་། དྲ་ཐོག་ཏུ་ཉིན་རེར་ཆ་སྙོམས་ལྟ་ཚད་མི་ཐེངས་300ལས་བརྒལ་ཡོད།
གཙོ་གནད་ས་ཁོངས་སུ་ཉིན་གླ་རྒྱུག་མཁན་གཅིག་སྡུད་བྱེད་པའི་གནད་དོན་ལ་དམིགས་ནས། ཁྲེང་ཀོན་ཆུས་ཉིན་གླ་རྒྱུག་མཁན་ཁྲོམ་རས་སྐོར་སྐྱོད་དྲིལ་བསྒྲགས་རུ་ཁག་4བཙུགས་ཏེ་ཁྲོམ་གཞུང་ལ་བསྐྱོད་ནས་སྲིད་ཇུས་དྲིལ་བསྒྲགས་བྱས་ཤིང་། ཁོང་ཚོས་སྲིད་ཇུས་ཀྱི་ཤོག་ལྷེ་200ལྷག་ཙམ་སྤྲད་པ་དང་། ས་གནས་ས་ཐོག་ཏུ་ལས་ཞུགས་ཁྲིམས་སྲོལ་ལ་འགྲེལ་བཤད་རྒྱག་པ། གླ་པ་རྒྱུག་མཁན་ལ“བོད་ལྗོངས་གྲངས་འཛིན་ཉིན་གླ་རྒྱུག་མཁན་ཁྲོམ་རའི”ལག་ཐོགས་ཁ་པར་གྱི་ལས་རིམ་ཆུང་ངུར་འཛུལ་ཐབས་དང་དེ་བཞིན“ཁྲེང་ཀོན་མི་སྤྱིའི”སྐད་འཕྲིན་སྤྱི་རྟགས་ལ་དོ་ཁུར་གྱིས་སྐབས་བསྟུན་ལས་གནས་ཆ་འཕྲིན་ཤེས་རྟོགས་བྱེད་སྟངས་བསླབས་པ་རེད། མིག་སྔར། ལས་སྟེགས་དེ་བདེ་སྲུང་དང་། གཙང་སྦྲ། གློག་བཟོ་སོགས་ལས་སྣ་20ལྷག་ཙམ་ལ་ཁྱབ་ནས་ལས་གནས་རིག་ནུས་ཀྱིས་བཀོད་སྒྲིག་དང་དྲ་ཐོག་ཏུ་གན་རྒྱ་འཇོག་རྒྱུ་གཉིས་ཀ་ཐུབ་ཡོད།
གྲངས་འཛིན་ཅན་གྱི་ལས་སྟེགས་ལ་བརྟེན་ནས“ཁྱབ་བསྒྲགས་དང་ཆ་སྒྲིག་གན་རྒྱ་འཇོག་པའི”འབྲེལ་ཐག་ཧྲིལ་པོའི་ཞབས་ཞུའི་མ་ལག་བཏོད་དེ། སྤྱོད་མཁན་གྱིས་མཐེབ་གནོན་ཐེངས་གཅིག་གིས་ཉེ་འཁོར་དུ་ལས་མི་སྤྱོད་པའི་དགོས་མཁོའི་གནས་ཚུལ་ཤེས་ཀྱི་ཡོད། ལས་སྟེགས་སྤྱོད་འགོ་ཚུགས་པ་ནས་བཟུང་། ཞལ་དཔོན་དང་ཞབས་ཞུ་བ་སོགས་ལས་མི་10ཡིས་ཁེ་ལས་དང་ལས་ཞུགས་ཀྱི་གྲོས་མཐུན་བཞག་ཐུབ་ཡོད། གྲངས་གཞི་ལས་མངོན་པར་གཞིགས་ན། དྲ་ཐོག་ཞབས་ཞུར་ཉིན་རེར་ཆ་སྙོམས་ལྟ་ཚད་མི་ཐེངས་300ལྷག་ཟིན་ནས་ལས་གནས་འབྲེལ་མཐུད་ཐུབ་ཚད་སྲོལ་རྒྱུན་གྱི་བྱེད་སྟངས་ལས་60%ཡིས་མཐོ་རུ་ཕྱིན་ཡོད་པ་རེད།