དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ། མི་རིགས་མཐུན་སྒྲིལ་བརྩེ་སེམས་ལྷག་པར་ཟབ།

    —— ལྷ་ས་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་དཔེ་བཟང་ཁྱིམ་ཚང་གི་འཐུས་མི་ལིའུ་ཝུན་ཧྭ་དང་ལྷ་མོ་ཚེ་རིང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-13

    ལྷ་སར་བཟའ་ཚོ་འདི་འདྲ་ཞིག་ཡོད་པ་སྟེ། ཁོང་གཉིས་སེ་འབྲུའི་རྡོག་ལྟར་གཅིག་ལ་གཅིག་རྟེན་ངང་མཉམ་དུ་གནས་ཤིང་། རང་ཉིད་ཀྱི་འཚོ་བ་སྐྱེལ་སྟངས་ལས་མི་རིགས་དབར་གྱི་བརྩེ་སེམས་ཟབ་མོ་བརྗོད་བཞིན་ཡོད། ཁོང་གཉིས་ནི་ལྷ་ས་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་དཔེ་བཟང་ཁྱིམ་ཚང་གི་འཐུས་མི་ལིའུ་ཝུན་ཧྭ་དང་ལྷ་མོ་ཚེ་རིང་རེད།

    2009ལོར། ལིའུ་ཝུན་ཧྭ་ཕ་ཡུལ་ཧོ་ནན་ནས་བྲལ་ཏེ་མཚོ་བོད་ས་མཐོར་ཡོང་ནས་ལྷ་སར་སློབ་ཆེན་འགྲིམས་ཤིང་། དེ་དུས་འཛིན་གྲྭ་གཅིག་པ་ཡིན་པའི་སློབ་མ་ལྷ་མོ་ཚེ་རིང་ངོ་ཤེས་པ་དང་། དེ་ནས་སློབ་ཆེན་ལོ་བཞི་ཡི་རིང་ཕན་ཚུན་མཉམ་དུ་གཤིབས་ཏེ་ན་ཆུང་གི་སེམས་པ་གཉིས་ལས་འཕྲོའི་མདུད་པ་ཐེབས་ནས་མཐར་དགའ་རོགས་སུ་གྱུར།

    མི་རིགས་མི་འདྲ་བའི་དབར་བརྩེ་དུང་གི་མདུད་པ་ཟབ་མོ་འཐེབས་པར་ནང་མིའི་ཁས་ལེན་ཐོབ་རྒྱུ་ནི་ལས་སླ་མོ་ཞིག་མིན་ཀྱང་། ཁོང་གཉིས་པོས་ཕྱིར་བཤོལ་སྤུ་ཙམ་ཡང་མེད་པར་མི་ཚེ་མཉམ་དུ་སྐྱེལ་རྒྱུ་བྱས། གང་ལགས་ཤེ་ན། ཁོང་གཉིས་པོས་ལྷད་མེད་ཀྱི་བརྩེ་དུང་གི་སྟོབས་ཤུགས་ཀྱིས་དཀའ་ངལ་མཐའ་དག་ལས་རྒྱལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཟབ་མོ་བཅངས་པས་རེད། མཐའ་མཇུག་ཏུ་ཁོང་གཉིས་པོ་འཇིག་རྟེན་མཐུན་འཇུག་གི་ལམ་ལ་ཆས་ནས་མི་རིགས་མཐུན་སྒྲིལ་ལས་བྱུང་བའི་ཕན་པ་ཐོབ་མཁན་ཞིག་ལ་གྱུར་ཡོད་ལ། དེ་ནས་བཟུང་མི་རིགས་མཐུན་སྒྲིལ་མཐའ་གཅིག་ཏུ་སྲུང་མཁན་ཞིག་ཏུའང་གྱུར་ཡོད།

    ཡུལ་སྲོལ་གོམས་གཤིས་མི་གཅིག་པའི་ཁྱིམ་ཚང་གི་ཁོར་ཡུག་ནང་ཁོང་གཉིས་པོར་བསམ་ཡུལ་ལས་འདས་པའི་དཀའ་ངལ་མང་པོ་འཕྲད་ཡོད། དཀའ་ངལ་དེ་དག་ནི་ཁོང་གཉིས་པོ་ཁོ་ནའི་གནས་ཚུལ་མིན་པར་ཕྱོགས་གང་ས་ཅི་ཐད་དང་འབྲེལ་བ་ཡོད་པས། ཞི་མཐུན་མཉམ་གནས་ཡོང་བར་བྱེད་པ་ནི་ཁོང་གཉིས་པོར་འཕྲད་པའི་དཀའ་ངལ་ཆེ་ཤོས་དེ་རེད།

    མཐུན་གཤིབ་བྱེད་པའི་བརྒྱུད་རིམ་ཁྲོད། རིག་གནས་མི་འདྲ་བ་དང་འདུ་ཤེས་འཛིན་སྟངས་མི་གཅིག་པའི་ཁྱད་པར་དབང་གིས་ཉིན་འགའ་ཤས་ཁྲོས་ནས་ཕན་ཚུན་དབར་སྐད་ཆ་མི་ཤོད་པར་སྡོད་མྱོང་ཡོད། ལིའུ་ཝུན་ཧྭ་ཡིས“ཁ་རྩོད་ཤོར་བའི་རྗེས་ངེད་གཉིས་དབར་ཐུན་མོང་གི་དམིགས་ཡུལ་ནི་ཁྱིམ་ཚང་འདི་སྔར་བས་དྲོ་སྐྱིད་ལྡན་པ་ཞིག་ཡོང་ཆེད་ཡིན་པའི་བསམ་བློ་འཁོར་སྐབས། ཁྱད་གསད་མི་ཐུབ་པའི་དཀའ་ངལ་ཅི་ཡང་མེད་པ་སྙམ་གྱི་འདུག”ཅེས་བཤད།

    བུ་མོ་ཞའོ་ནོ་དང་བུ་ཞའོ་ཡན་གཉིས་སྔ་རྗེས་སུ་སྐྱེས་པ་དེས་ཁྱིམ་ཚང་དེར་དགའ་བ་བརྗོད་ཀྱིས་མི་ལང་བ་བྱུང་ཡོད། ལྷ་མོ་ཚེ་རིང་གིས“ངེད་གཉིས་པོའི་བུ་མོའི་མིང་ལ་ཞའོ་ནོ་དང་། བུའི་མིང་ལ་ཞའོ་ཡན་ཞེས་འདོགས་དགོས་དོན་ནི་ཕྲུ་གུ་གཉིས་པོས་ངེད་གཉིས་ཀྱི“མི་ཚེ་མཐའ་འཁྱོལ”གྱི་དམ་བཅར་མཉམ་དུ་དཔང་པོ་བྱེད་པ་མ་ཟད། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གི་བདེ་སྐྱིད་དང་སྤྲོ་སྣང་ལའང་དཔང་པོ་ཐུབ་པའི་རེ་བ་འཆང་ལུགས་མཚོན་པའི་ཆེད་དུ་ཡིན་ཞེས་འཛུམ་དམུལ་དམུལ་ངང་བཤད།

    སློབ་གྲོགས་དང་གྲོགས་པོ་གཉིས་ཀ་ཡིན་པའི་རྡོ་རྗེ་རྣམ་རྒྱལ་གྱིས“ངས་ལིའུ་ཝུན་ཧྭ་ངོ་ཤེས་ནས་ལོ་བཅུ་གྲངས་ཕྱིན་སོང་། ཁོང་གི་གཤིས་ཀ་ཧ་ཅང་ཡག་པས། ཁོང་ཁྲོ་ལངས་བ་གཏན་ནས་མཐོང་མྱོང་མེད་ལ། གྲོགས་པོ་སུའི་ཁྱིམ་ལ་གནས་ཚུལ་ཐོན་ཚེ་རང་ཉིད་ཀྱི་དོན་དག་ལ་བརྩིས་ནས་རོགས་པ་བྱེད་ཀྱི་ཡོད”ཅེས་བརྗོད།

    “ལིའུ་ཝུན་ཧྭ་བཟའ་ཚོ་གཉིས་ཀྱིས་ཁྱིམ་ཚང་དེ་མཐུན་སྒྲིལ་འཆམ་མཐུན་ངང་བསྐྱངས་པ་མ་ཟད། ཁྱིམ་མཚེས་དབར་ལའང་མིག་དཔེ་བཟང་པོ་ཞིག་བསྟན་ཡོད། ཁོང་ཚོའི་ཁྱིམ་ཚང་ནི་ཞི་མཐུན་བདེ་སྐྱིད་དང་། རྒན་བཀུར་གཞོན་གཅེས། མཐུན་སྒྲིལ་རོགས་རེས། ཁྱིམ་མཚེས་འཆམ་མཐུན་ལྡན་པ་ཞིག་ཡོད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཁོང་གཉིས་ལ་གྲོང་ཁྱེར་རིམ་པ་དང་རྫོང་རིམ་པའི“མི་རིགས་མཐུན་སྒྲིལ་ཁྱིམ་ཚང”དང“མི་རིགས་མཐུན་སྒྲིལ་གྱི་མི་སྒེར”སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ་ཡོད།

    ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ལིའུ་ཝུན་ཧྭ་དང་ལྷ་མོ་ཚེ་རིང་གིས་ཐོག་མཐའ་བར་གསུམ་དུ་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་གྱི་མིག་དཔེ་འདོན་མཁན་ཞིག་བྱེད་ཀྱི་ཡོད། ལས་ཁུངས་སུ་ཁོང་གཉིས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་བྱེད་སྒོ་ཁག་ལ་ཧུར་ཐག་ཞུགས་ནས་ལས་རོགས་ཚོར་རང་ཉིད་ཀྱི་ཁྱིམ་ཚང་གི་གཏམ་རྒྱུད་མཉམ་སྤྱོད་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་ཉེ་འགྲམ་གྱི་མི་ལ་ཤུགས་རྐྱེན་བཟང་པོ་ཐེབས་པར་བྱེད་ཀྱི་ཡོད།

    ཕྲུ་གུའི་ཕ་མ་ཡིན་པའི་ཁོང་གཉིས་པོས་རྟག་ཏུ་བུ་ཕྲུག་ཚོར་མི་རིགས་མཐུན་སྒྲིལ་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་རྒྱུར་གཞོལ་དགོས་པའི་སློབ་གསོ་གཏོང་བཞིན་ཡོད། ལིའུ་ཝུན་ཧྭ་ཡིས“ཕྲུ་གུ་ཚོར་ཆུང་དུས་ནས་མི་རིགས་མཐུན་སྒྲིལ་གྱི་གལ་འགངས་ཆེ་ལུགས་ཤེས་སུ་བཅུག་སྟེ་མཐུན་སྒྲིལ་གྱི་བསམ་བློ་དེ་ཕྲུ་གུའི་སེམས་སུ་འཇགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།