སྡེ་ཚན་བདུན་གྱིས་བཟའ་བཅའི་བཟོ་ལས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་གསར་འགོད་པར་ཤེས་རྟོགས་བྱུང་བར། ཉེ་ཆར་བཟོ་འཕྲིན་པུའུ་དང་། སློབ་གསོ་པུའུ། མི་སྤྱི་པུའུ་སོགས་སྡེ་ཚན་བདུན་གྱིས་མཉམ་དུ་ཇུས་གཞི་བཀྲམ་སྟེ། བཟའ་བཅའི་བཟོ་ལས་གྲངས་འཛིན་ཅན་ཕྱོགས་སྒྱུར་རིམ་སྤོར་ཡོང་བར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
སྡེ་ཚན་བདུན་གྱིས་བཀྲམ་པའི《བཟའ་བཅའི་བཟོ་ལས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་གྱི་ལག་བསྟར་ཇུས་གཞི》ལ་གཞིགས་ན། 2027ལོར་སླེབས་སྐབས། གཙོ་གནད་བཟའ་བཅའི་ཁེ་ལས་གཉེར་སྐྱོང་དོ་དམ་གྲངས་འཛིན་ཅན་དུ་འགྱུར་བར་ཁྱབ་གདལ་གཏོང་ཚད་80%དང་། གཞི་ཁྱོན་ཡན་གྱི་བཟའ་བཅའི་ཁེ་ལས་ཀྱི་འགག་རྩའི་ལས་རིམ་ལ་གྲངས་འཛིན་ཐུབ་ཚད་དང་གྲངས་འཛིན་ཅན་གྱི་ཞིབ་སྤེལ་ཇུས་འགོད་ལག་ཆ་ཁྱབ་གདལ་གཏོང་ཚད་གཉིས་ཀ་75%ཟིན་པར་བྱེད་པ་དང་། རིག་ནུས་བཟོ་གྲྭ་10ཡན་སྐྱེད་སྲིང་དང་། ཚད་གཞི་མཐོ་བའི་གྲངས་འཛིན་ཅན་གྱི་གླིང་ཁུལ་5ཡན་བསྐྲུན་ནས་ཆུ་ཚད་མཐོ་བའི་བཟའ་བཅའི་བཟོ་ལས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་ཞབས་འདེགས་ཞུ་མཁན་ཚོང་པ་ཁག་གཅིག་སྐྱེད་སྲིང་བྱས་ནས། 2030ལོར་སླེབས་སྐབས། གཞི་ཁྱོན་ཡན་གྱི་བཟའ་བཅའི་ཁེ་ལས་ལ་ཆ་འཕྲིན་ལག་རྩལ་གསར་པས་ཕྱོགས་ཡོངས་ནས་འཁོར་འབྲེལ་ཁྱབ་གདལ་དང་བེད་སྤྱོད་ཐུབ་པ་བྱས་ཏེ། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་བཟའ་བཅའི་བཟོ་ལས་གྲངས་འཛིན་ཐོན་ལས་ཁྱུ་ཚོགས་ཁག་གཅིག་སྐྱེད་སྲིང་བྱ་རྒྱུ་ཡིན་པ་རེད།
བསྡོམས་རྩིས་ལ་གཞིགས་ན། མིག་སྔར་རང་རྒྱལ་གྱི་བཟའ་བཅའི་ལས་རིགས་ཀྱི་གཙོ་གནད་བཟོ་ལས་དང་ཁེ་ལས་ཀྱི་འགག་རྩའི་ལས་རིམ་ལ་གྲངས་འཛིན་ཐུབ་ཚད་དང་གྲངས་འཛིན་ཅན་གྱི་ཞིབ་སྤེལ་ཇུས་འགོད་ལག་ཆ་ཁྱབ་གདལ་གཏོང་ཚད་གཉིས་ཀ་63.3%དང་72.8%ཁག་སོ་སོར་ཟིན་ནས་འོ་བཟོས་ཐོན་རྫས་དང་བཏུང་བྱ་བཟོ་བ་སོགས་ཀྱི་ཁྱབ་ཁོངས་ཀྱི་སྣེ་འདྲེན་ཁེ་ལས་ཀྱི་རིག་ནུས་བཟོ་གྲྭ་དག་མདུན་གྲལ་གྱི་ཆུ་ཚད་ལ་སླེབས་ཡོད།