དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཐབས་བརྒྱ་ཇུས་སྟོང་གིས་མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཕེང་།   |     སྤེལ་དུས།  2025-06-12

    མཐོ་སློབ་སློབ་ཐོན་སློབ་མ་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་ཤེས་ལྡན་པའི་ཐོན་ཁུངས་ཡིན་པས། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ནི་མཐོ་རིམ་སློབ་གསོ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོའི་སྦྲེལ་མཚམས་ནུས་ལྡན་ཞིག་རེད། མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་བ་དེ་མིག་སྔ་དང་འབྲེལ་བ་ཡོད་ལ། ཕུགས་ལ་དེ་བས་ཕན་པ་ཡོད།

    ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་ཐོན་སློབ་མའི་སྤུས་ཚད་མཐོ་བའི་ལས་ཞུགས་ཀྱི་ཞབས་ཞུའི་མ་ལག་མགྱོགས་མྱུར་སྐྲུན་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས། མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་བྱས་ཡོད། འབྲེལ་ཡོད་སྡེ་ཚན་དང་། ས་གནས། མཐོ་སློབ་བཅས་ཁག་གིས་སྤྱི་འདོམས་བཀོད་སྒྲིག་དང་སྔ་སྣུར་ཇུས་འགོད་མཐའ་འཁྱོངས་ཀྱིས་དངོས་སྒྲུབ་བྱ་ཐབས་རབ་དང་རིམ་པ་བཏོན་ནས། མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་ཆེད་རྨང་གཞི་བཏིང་ཡོད།

    ལས་གནས་ཐོན་ཁུངས་ནི་ལས་ཞུགས་ཀྱི་སྲོག་ཐིག་ཡིན་ཞིང་། ལས་ཞུགས་ལས་གནས་སྔོག་འདོན་གསར་འབྱེད་བྱེད་པ་དང་ལས་བསྡུ་བྱེད་སྒོའི་ཕན་འབྲས་ཆེ་རུ་གཏོང་བ་ནི་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེ་རེད། མཐོ་སློབ་ཁག་གིས་ལས་གནས་ཐོན་ཁུངས་མུ་མཐུད་འདུ་འགྲིལ་བྱེད་པ་དང་། སློབ་གྲྭའི་ཆེད་ལས་ཀྱི་ཁྱད་ཆོས་དང་སློབ་ཐོན་སློབ་མའི་ལས་འཚོལ་རེ་འདོད་སོགས་ཀྱི་གནས་ཚུལ་ཁག་ཟུང་འབྲེལ་ལ་མཐོང་ཆེན་བྱེད་པ། ཤེས་ལྡན་པའི་སྤྲོད་མཁོ་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལས་གནས་ཀྱི་གནད་སྨིན་རང་བཞིན་དང་འཚམ་མཐུན་རང་བཞིན་ཆེ་རུ་གཏོང་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་སློབ་ཐོན་སློབ་མ་བསྡུ་བའི་ཁེ་ལས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་བྱེད་པར་མཐོང་ཆེན་བྱས་ནས། སྲིད་ཇུས་རང་བཞིན་ལས་གནས་ཀྱི་བསྡུ་ལེན་ནུས་པ་གང་ལེགས་འདོན་པ་དང་། གཞི་རིམ་ལས་ཞུགས་ཀྱི་བར་མཐོངས་རྒྱ་སྐྱེད་ཧུར་ཐག་བཏང་སྟེ། སློབ་ཐོན་སློབ་མར་ལས་ཞུགས་གོ་སྐབས་དེ་བས་མང་པོ་ཧུར་ཐག་སྐྲུན་དགོས།

    ལས་ཞུགས་ཞབས་ཞུའི་དྲ་རྒྱ་ཚགས་དམ་དུ་གཏོང་བར་ད་དུང་གཙོ་གནད་ཚོགས་སྤྱིར་གནད་སྨིན་ཞབས་ཞུ་དང་ལས་ཞུགས་ཀྱི་ཐ་གྲས་བརྟན་པོ་སྐྱོང་བར་ཐུག་ཡོད། དབུལ་གྲོལ་ཁྱིམ་ཚང་དང་། མ་མཐའི་འགན་སྲུང་ཁྱིམ་ཚང་། ལས་ཞུགས་པ་མེད་པའི་ཁྱིམ་ཚང་། དབང་པོ་སྐྱོན་ཅན་སོགས་དཀའ་ངལ་ཡོད་པའི་སློབ་ཐོན་སློབ་མའི་ཚོགས་སྤྱིར་དེ་བས་སེམས་རྩ་འཁོལ་བའི་ལས་ཞུགས་ཞབས་ཞུ་ཞུས་དགོས། འབྲེལ་ཡོད་སྡེ་ཚན་དང་མཐོ་སློབ་ཁག་གིས་རོགས་སྐྱོར་ལས་དོན་གྱི་རྩིས་ཁྲ་བཟོ་བ་དང་ཆ་སྒྲིག་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱ་ཐབས་ནུས་ལྡན་བརྒྱུད། དེ་བས་གནད་སྨིན་གྱི་ལས་ཞུགས་མཛུབ་ཁྲིད་བྱས་ཏེ་ཁོང་ཚོ་སྔ་ཙམ་ལས་ཞུགས་ཐུབ་པར་བྱེད་དགོས།

    རྗེས་སྙེག་རོགས་སྐྱོར་བྱེད་པ་དང་རྒྱུན་མཐུད་ཞབས་འདེགས་ཞུ་བ་ནི་མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་བར་ངེས་པར་དུ་སྒྲུབ་དགོས་པའི་ལས་དོན་ཞིག་ཡིན་ཞིང་། ཕྱོགས་གཅིག་ནས་སློབ་གསོ་དང་མི་སྤྱི་སོགས་སྡེ་ཚན་ཁག་གིས་སློབ་གྲྭའི་ལས་བསྡུ་དང་སྤྱི་ཚོགས་ཀྱི་ལས་བསྡུའི་མཇུག་མཐུད་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ལས་ཞུགས་ཐད་མགོ་སྐོར་ཐེབས་པའི་སློབ་ཐོན་སློབ་མར་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་ཞུ་རོགས་བྱེད་པ་དང་། བྱ་ཐབས་སྣ་མང་སྤྱད་ནས་གྱོང་གུན་ཆུང་དུ་བཏང་སྟེ། སློབ་ཐོན་སློབ་མའི་ཁྲིམས་མཐུན་ལས་ཞུགས་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

    ཕུགས་ནས་བལྟས་ན། སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་བར་སྤྲོད་མཁོ་འཚམ་མཐུན་དེ་ཉིད་ཕྱོགས་སྟོན་དུ་བཟུང་ནས། མཐོ་རིམ་སློབ་གསོའི་ཆེད་ལས་དང་ཐོན་ཁུངས་གྲུབ་ཆའི་ཁྱབ་ཚུལ་སྐབས་བསྟུན་ལེགས་སྒྲིག་བྱེད་དགོས། སླད་ཕྱིན། འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་འཆར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་པའི་དགོས་མཁོའི་དབྱེ་ཞིབ་གྲོས་མོལ་ལ་སྐུལ་འདེད་གཏོང་བ་དང་། ཤེས་ལྡན་པའི་སྤྲོད་མཁོའི་འབྲེལ་བར་རྒྱང་ལྟའི་རང་བཞིན་གྱི་དབྱེ་ཞིབ་བྱས་ཏེ། དགོས་མཁོ་ཆེ་བའི་རིག་ཚན་ཆེད་ལས་ཁྲིད་སྟོན་གྱི་འཕེལ་རྒྱས་གསལ་ཐོ་དུས་བཀག་བཞིན་ཡོངས་བསྒྲགས་བྱེད་དགོས། མཐོ་སློབ་ཁག་གིས་རིག་ཚན་ཆེད་ལས་བཀོད་སྒྲིག་རྒྱུན་ཆད་མེད་པར་ལེགས་གཏོང་ལེགས་སྒྲིག་བྱས་ནས། ཚན་རྩལ་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་འཐབ་ཇུས་གནས་ཚུལ་གཞིར་བཟུང་ཤེས་ལྡན་པ་གསོ་སྐྱོང་གི་ཇུས་གཞི་དུས་ཐོག་ཏུ་འབྲེལ་མཐུད་བརྗེ་སྒྱུར་དང་གསར་སྒྱུར་བྱེད་དགོས།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་9ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།