ཀྲུང་གོར་ཐོངས་མཆན་མི་དགོས་པར་སྐྱོད་ཆོག་པས་མི་རྣམས་ཀྱི་ཡིད་དབང་འཕྲོག་པ།
ཟླ་6ཚེས་9ཉིན། ཀྲུང་གོས་སོ་ཏི་ཨ་རབ་དང་། ཨོ་མན། ཁུ་ཝེ་ཐེ། པ་རེན་བཅས་རྒྱལ་ཁབ་4ཡི་སྤྱིར་བཏང་གི་རྒྱལ་གྲོལ་ལམ་ཡིག་ཡོད་པའི་མི་སྣར་རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་ཚོད་ལྟའི་སྲིད་ཇུས་ལག་བསྟར་བྱས་པར་དངོས་སུ་གོ་ཆོད་པར་གྱུར་ཡོད། དེའི་ཐོག་2018ལོར་ཕན་ཚུན་རྒྱལ་གྲོལ་ཐོངས་མཆན་རྦད་དེ་མི་དགོས་པའི་མཚོ་ཁུག་མཉམ་ལས་ཨུ་ལྷན་གྱི་ཁོངས་མིའི་རྒྱལ་ཁབ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཁ་ཐར་བསྣན་ཚེ་ཀྲུང་གོ་ཕྱོགས་ཀྱིས་མཚོ་ཁུག་མཉམ་ལས་ཨུ་ལྷན་རྒྱལ་ཁབ་ཡོངས་ལ་རྒྱལ་གྲོལ་ཐོངས་མཆན་མི་དགོས་པ་མངོན་འགྱུར་བྱུང་ཡོད། མཚོ་ཁུག་མཉམ་ལས་ཨུ་ལྷན་རྒྱལ་ཁབ་ཀྱི་ལས་རིགས་ཁག་གི་མི་སྣས། རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཀྱིས་མཚོ་ཁུག་མཉམ་ལས་ཨུ་ལྷན་རྒྱལ་ཁབ་དང་ཀྲུང་གོའི་དབར་མི་སྣ་འགྲོ་འོང་བྱེད་པར་སྐུལ་མ་ཐེབས་ནས་མཚོ་ཁུག་མཉམ་ལས་ཨུ་ལྷན་རྒྱལ་ཁབ་དང་ཀྲུང་གོའི་འབྲེལ་བར་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་རེད་ཅེས་བརྗོད།
ཉེ་ཆར་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་རྒྱལ་ཁབ་མང་དུ་གཏོང་རྒྱུའི་གཏན་འབེབས་བྱས་ནས། 2025ལོའི་ཟླ་6ཚེས་9ཉིན་ནས་2026ལོའི་ཟླ་6ཚེས་8ཉིན་བར། སོ་ཏི་ཨ་རབ་དང་། ཨོ་མན། ཁུ་ཝེ་ཐེ། པ་རེན་བཅས་ཀྱི་སྤྱིར་བཏང་གི་རྒྱལ་གྲོལ་ལམ་ཡིག་ཡོད་པའི་མི་སྣར་རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཚོད་ལྟའི་ལག་ལེན་བསྟར་རྒྱུ་རེད། གོང་གསལ་རྒྱལ་ཁབ་བཞིའི་སྤྱིར་བཏང་གི་རྒྱལ་གྲོལ་ལམ་ཡིག་ཡོད་པའི་མི་སྣ་ཀྲུང་གོར་ཚོང་དོན་དང་། ཡུལ་སྐོར། ལྟ་སྐོར། གཉེན་འཕྲད་དང་གྲོགས་པོ་ཐུག་འཕྲད། སྤེལ་རེས་འཚམས་འདྲི། རྒྱལ་མཚམས་སྒྲོལ་བ་བཅས་ཉིན་30ནས་མ་བརྒལ་ན་ཐོངས་མཆན་མི་དགོས་པར་རྒྱལ་མཚམས་ནས་འཛུལ་ཆོག་གི་ཡོད།
སོ་ཏི་ཨ་རབ་མ་འཇོག་པུའི་རྒྱལ་སྤྱིའི་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་ཨ་དབྱི་ཏེ·ཡཱ་སྨི་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་འཕྲལ་མར་འབྲེལ་ཡོད་ཀྱི་གནས་ཚུལ་མཉམ་སྤྱོད་བྱས་ཏེ། “ཀྲུང་གོར་ཐོངས་མཆན་མི་དགོས་པར་སྐྱོད་ཆོག་པས་མི་རྣམས་ཀྱི་ཡིད་དབང་འཕྲོག་ཡོད” སོ་ཏི་ཨ་རབ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་དང་རིག་གནས་སྤེལ་རེས་ཇེ་ཟབ་ཏུ་འགྲོ་བ་མཐོང་དུས་ཧ་ཅང་དགའ་པོ་བྱུང་། མི་སྣ་འགྲོ་འོང་ཡང་དེ་བས་སྟབས་བདེ་རུ་ཕྱིན་ཡོད་ཅེས་བརྗོད།
ཁུ་ཝེ་ཐེའི《ཚགས་པར་དུས་དེབ》ཀྱི་རྒྱལ་སྤྱི་པུའི་ཀྲུའུ་རེན་ཧྲར་པི་ལེ·པར་ཁཱ་ཐེས། རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཀྱིས་མཚོ་ཁུག་མཉམ་ལས་ཨུ་ལྷན་རྒྱལ་ཁབ་ཀྱི་དམངས་ཚོགས་ཀྱིས་ཀྲུང་གོར་ཡུལ་སྐོར་དང་ཚོང་ལས་བྱེད་སྒོ་སྤེལ་བར་སྟབས་བདེ་བསྐྲུན་རྒྱུ་མ་ཟད། མཚོ་ཁུག་མཉམ་ལས་ཨུ་ལྷན་གྱི་ཞིབ་འཇུག་ལས་ཁུངས་དང་ཀྲུང་གོའི་ཚན་ཞིབ་སློབ་གླིང་དབར་སྤེལ་རེས་མཉམ་ལས་བྱེད་པར་སྟབས་བདེ་བསྐྲུན་ནས། ཕྱོགས་གཉིས་པོས་མི་ཆོས་རིག་གནས་སོགས་ཁྱབ་ཁོངས་སུ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་ཐེབས་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གྲགས་ཅན་ཡུལ་སྐོར་དཔོད་བདག་ཨ་པུ་ཏུའུ་ལཱ·མཱ་ཐར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་སྒྲིག་འཛུགས་བྱས་པའི“ཁམས་བཟང་། ཀྲུང་གོ”ཞེས་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དྲ་རྒྱའི་བརྡར་པ་ཀྲུང་གོར་སྐྱོད་པའི་བྱེད་སྒོར་ཞུགས་བཞིན་ཡོད། ཁོང་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག“རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་དེ་ལས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཚུད་པའི་མཚོ་ཁུག་མཉམ་ལས་ཨུ་ལྷན་རྒྱལ་ཁབ་ཀྱི་ཡུལ་སྐོར་བ་ཀྲུང་གོར་ཡུལ་སྐོར་བྱེད་པར་ཕན་ཐོགས་ཆེན་པོ་ཡོད་པ་དང་ད་ཆ་རྒྱལ་གྲོལ་ལམ་ཡིག་ཁྱེར་ཚེ་ཀྲུང་གོར་སྐྱོད་ཆོག་གི་ཡོད”ཅེས་བརྗོད་པ་རེད།
མཚོ་ཁུག་ས་ཁུལ་གྱི་ཡུལ་སྐོར་ཚོགས་པ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཁ་ནུའུ་ཡུལ་སྐོར་ཚོགས་པས་ལམ་ཐིག་གསར་པ་4བསྟུད་མར་ཁྱབ་བསྒྲགས་བྱས་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་། པ་རེན། སོ་ཏི་ཨ་རབ་སོགས་མཚོ་ཁུག་རྒྱལ་ཁབ་ཀྱི་དམངས་ཚོགས་ལ་གཙོ་གནད་ཐོག་ཀྲུང་གོའི་ཡུལ་སྐོར་ཞབས་ཞུ་སྒྲུབ་ཀྱི་ཡོད། ཁ་ནུའུ་ཡུལ་སྐོར་ཚོགས་པའི་དབུ་བཞུཌ་ལག་བསྟར་དཔོན་ཧ་ཝེས“ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཀྱིས་ཕྱོགས་གཉིས་པོའི་མཉམ་ལས་ཟབ་ཏུ་འགྲོ་རེ་ཡོད། ང་ཚོས་མུ་མཐུད་འབྲེལ་ཟམ་གྱི་ནུས་པ་བཏོན་ཏེ་མཚོ་ཁུག་མཉམ་ལས་ཨུ་ལྷན་རྒྱལ་ཁབ་དང་ཀྲུང་གོའི་དབར་དང་དེ་བཞིན་ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་མི་སྣ་འགྲོ་འོང་ལ་རམ་འདེགས་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།
(འདི་ག་ཚགས་པར་ཁང་དུ་ཏི་པའེ་ནས་འབྱོར་བའི་གློག་འཕྲིན)