དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དྲ་ཐོག་ཚོང་དོན་འཕེལ་རྒྱས་མྱུར། ས་མཐོའི་ཐོན་རྫས་བྲིན་ཁ་རྒྱུག

    བོད་ཀྱི་དྲ་ཚོང་འཕེལ་རྒྱས་ཀྱི་འཐབ་ས་དང་པོར་ལྟ་ཞིབ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཅང་མེང་ཁྲེན། ལིའུ་ཀྲོའུ་ཕེང་། ཀྲོང་ཡུན་ཁའེ།   |     སྤེལ་དུས།  2025-06-12

    “ལྷན་རྒྱས་ཁམས་བཟང་། ང་ལྷ་མོ་ཡིན། ཡུན་རིང་ཐད་གཏོང་བྱེད་ཐུབ་མ་སོང་། དེ་རིང་མོས་བསྟོད་མང་ཙམ་གནང་རོགས། ཉེ་ཆར་ཞིང་ཁ་འདེབས་པའི་སྒང་ཡིན་པས་བྲེལ་བ་ཆེན་པོ་འདུག”ཅེས་ས་བབ་སྨི་3800ཙམ་ཟིན་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཇུ་གྲོང་ཚོའི་བུ་མོ་བཀྲ་ཤིས་ལྷ་མོས་ཁ་པར་ནས་ཐད་གཏོང་བྱེད་བཞིན་བཤད།

    འཕྱོངས་རྒྱས་རྫོང་གི་གཞི་ཁྱོན་ཆེ་བའི་གློག་འཕྲིན་དྲ་རྒྱ་རིམ་སྤོར་གྱི་རྣམ་གྲངས་ལེགས་གྲུབ་བྱུང་བ་དང་ཆབས་ཅིག་གྲོང་ཚོའི་དྲ་རྒྱའི་བརྡ་རྟགས་སྔར་བས་བརྟན་དུ་སོང་ཞིང་། སྤྱིར་བཏང་གི་རིག་ནུས་ཁ་པར་ཞིག་ལས་ས་མཐོའི་གྲོང་ཚོ་དེ་དང་ཕྱི་རོལ་གྱི་འཇིག་རྟེན་དམ་པོར་སྦྲེལ་ཡོད།

    བཀྲ་ཤིས་ལྷ་མོའི་ཐོ་ཨང་ལ“བོད་ལྗོངས་ལྷ་མོ”ཟེར་བ་དང་དྲ་རྒྱ་ཡོངས་སུ་དགའ་པོ་བྱེད་མཁན་ཁྲི་400ཡོད་ཅིང་། ཐད་གཏོང་ལ་བརྟེན་ནས་ཁོང་གིས་ཡུལ་མི་ཚོས་ཐོན་སྐྱེད་བྱས་པའི་མར་དང་། རྩམ་པ། ཕྱུར་བ་སོགས་ཀྱི་ཐོན་རྫས་རྒྱལ་ཡོངས་སུ་བཙོངས་ཡོད། ཁོང་ནི་འཕྱོངས་རྒྱས་རྫོང་གི་དགའ་མོས་བྱེད་ཚད་མང་ཤོས་གྲས་ཀྱི“ཐད་གཏོང་ཟོག་ཚོང་གྲགས་ཅན”ཞིག་རེད།

    ད་ཆ་གྲོང་མིའི་ཞིང་ཞོར་ཐོན་རྫས་ནི“གསེར་གྱི་དོང་ཙེ”ངོ་མར་གྱུར་པ་དང་། དྲ་ཚོང་གཉེར་སྐྱོང་གི་རྩལ་ནུས་ཁོང་དུ་ཆུད་པའི“གྲོང་ཚོའི་ཞབས་ཕྱེ”ནི་ཁྲོམ་ར་དང་ཞིང་ཁའི་འབྲེལ་ཐག་གསར་པར་གྱུར་ཡོད།

    བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་བཀྲ་ཤིས་སྟེང་སྒང་གྲོང་ཚོའི་སྟར་ཁའི་རྟེན་གཞིར། ལོ་57ལ་སླེབས་པའི་བཀྲ་ཤིས་བསོད་ནམས་ཀྱིས་གཟབ་ནན་ངང་སྟར་ཁ་མཐུད་སྦྱོར་གྱི་ཚོད་ལྟ་བྱེད་བཞིན་ཡོད། “སྔོན་ཆད་སྟར་ཁ་ནི་རང་བྱུང་དུ་སྐྱེ་བ་ཞིག་རེད་སྙམ་མོད། ད་ལྟ་གཞི་ནས་སྟར་ཁ་འཛུགས་དུས་ཚགས་དམ་པོ་བྱེད་རྒྱུ་མེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་གཡོག་བྱེད་དང་ལུད་རྒྱག་དགོས་པ་ཤེས་བྱུང”ཞེས་བཀྲ་ཤིས་བསོད་ནམས་ཀྱིས་བཤད།

    ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གི་མཐུན་སྦྱོར་འོག རྒྱ་ཚ་རྫོང་གིས་ཁྲང་ཅང་སློབ་ཆེན་གྱི“སྟར་སྡོང་ཚན་རྩལ་ཆེད་མངགས་ཚོགས་པ”ནང་འདྲེན་བྱས་པ་རེད། རིགས་གཅིག་མཁས་ཅན་གྱིས་ལག་རྩལ་གྲོང་ཚོར་ཁྱབ་གདལ་བཏང་ནས་ཞིང་དུད་ལ་སྟར་ཁ་འདེབས་འཛུགས་དང་། མཐུད་སྦྱོར། ཡལ་གཅོད་སོགས་ཀྱི་ལག་རྩལ་གོ་རིམ་ལྡན་པའི་སྒོ་ནས་བསླབས་པས། སྟར་ཁའི་ཐོན་འབབ་ལོ་རེ་བཞིན་མང་དུ་སོང་བ་དང་སྤུས་ཚད་བརྟན་པོའི་ངང་ཡག་ཏུ་ཕྱིན་ཡོད།

    དྲ་ཚོང་ལས་སྟེགས་ཀྱི་དགོས་མཁོ་རྒྱུན་མཐུད་ངང་ཆེ་རུ་སོང་བ་དང་བསྟུན་ནས། རྒྱ་ཚ་རྫོང་གིས“མཁོ་འཚོང་མཉམ་ལས་ཁང་དང་། དྲ་ཚོང་། ཁེ་ལས(མཉམ་ལས་ཁང)ཞིང་དུད་བཅས་ཟུང་དུ་འབྲེལ་བའི”གཞི་གཅིག་ཅན་གྱི་རྣམ་པ་རིམ་བཞིན་བསྐྲུན་ནས་ཐོན་རྫས་ཡག་པོ་བཙོང་མི་ཐུབ་པའི་དཀའ་གནད་ཐག་གཅོད་བྱས་ཡོད།

    ལྷོ་ཁ་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། 2024ལོར་གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་ཐོན་རྫས་དྲ་ཐོག་ཚོང་དོན་བརྒྱུད་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་7690ཟིན་ཡོད། དྲ་ཐོག་ཚོང་དོན་ལས་ཞིང་དུད་ཀྱིས་ཐོན་འབབ་བྱུང་ཚད་འཚོང་བ་ནས་དགོས་མཁོ་ལྟར་འདེབས་འཛུགས་བྱེད་པའི་བར་བསྒྱུར་རྒྱུར་སྐུལ་འདེད་བཏང་བ་མ་ཟད། འབྲེལ་ཡོད་ལས་སྣོན་ཁེ་ལས་ཀྱི་ལས་སྒྲུབ་སྔར་བས་གཞི་ཁྱོན་ཅན་དང་ཆེད་ལས་ཅན་དུ་བསྒྱུར་བར་སྐུལ་ཁྲིད་ཀྱང་བྱས་ཡོད།

    ལྷ་ས་གྲོང་ཁྱེར་སྟག་རྩེ་བཟོ་ལས་གླིང་དུ་ཡོད་པའི་བོད་ལྗོངས་ཧྲེང་ཤིན་བཟོ་ཚོང་ཚད་ཡོད་ཀུང་སིས་བོད་ཀྱི་འབྲོག་ཁུལ་གྱི་འབོལ་བའི་བལ་དང་། རའི་ཁུ་ལུ། གཡག་རྩིད་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས་ཉོ་སྒྲུབ་དང་། ཞིབ་སྤེལ། ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་རྣམ་པ་འཚོལ་ཞིབ་བྱས་པ་མ་ཟད། ཝུའུ་ཧན་འཁལ་འཐག་སློབ་ཆེན་དང་མཉམ་དུ་རའི་ཁུ་ལུ་དང་གཡག་རྩིད་དབྱེ་གསེས་ཐོན་སྐྱེད་ལམ་ཐིག་ཞིབ་འཇུག་གསར་སྤེལ་བྱས་ནས་ཐོན་སྐྱེད་བརྒྱུད་རིམ་ཕྱོགས་ཡོངས་ནས་རང་འགུལ་ཅན་ཡོང་བར་བྱས་ཡོད།

    དེ་སྔ་ཀུང་སིས་གཙོ་བོ་དྲ་ཕྱི་ནས་མངགས་ཐོ་ལེན་གྱི་ཡོད། ད་ཆ་འཁྱུག་དབྱིངས་དང་སྐད་འཕྲིན་གྱི་བྱ་རིམ་ཆུང་གྲས་སོགས་ཀྱི་ལས་སྟེགས་བརྒྱུད་ཀུང་སིའི་ཁ་དཀྲིས་དང་། གྱོན་གོས། རུམ་སོགས་ཐོན་རྫས་རྒྱལ་ཡོངས་ས་གནས་ཁག་ཏུ་འཚོང་གི་ཡོད། ལས་སྣོན་ཕྱེད་ཀ་བྱས་པའི་བལ་དང་། རའི་ཁུ་ལུ། གཡག་རྩིད་སོགས་ཀྱི་ཐོན་རྫས་ཁག་གཅིག་ནེ་པ་ལ་དང་རྒྱ་གར་སོགས་རྒྱལ་ཁབ་ལ་ཕྱིར་གཏོང་བྱེད་ཀྱི་ཡོད།

    ལྷ་ས་བར་སྐོར་ལྷོ་ཁྲོམ་བཤད་སྒྲ་སྒོ་ར་ཆེན་པོའི་འགྲོ་ཕན་གླིང་ལག་ཤེས་ཐོན་རྫས་བཟོ་ཁང་དུ་བོད་རིགས་བུད་མེད་ལག་རྩལ་པ་དྲུག་བདུན་གྱིས་འཚེམ་འཁོར་དང་འཐག་ཁྲི་བྱང་ཆུབ་པོས་བཀོལ་སྤྱོད་བྱས་ནས་བོད་བཟོའི་སྟོད་ལྷེ་དང་། རུམ། ལྟོ་ཕད་སོགས་ཀྱི་ཐོན་རྫས་བཟོ་བཞིན་ཡོད། བཟོ་ཁང་གིས“ཨ་ཅག་སློབ་ཁང་དང་། སྡེ་ཁུལ་བཟོ་གྲྭ གྲོང་གསེབ་བཟོ་ཁང”བཅས་ཟུང་དུ་འབྲེལ་བའི་རྣམ་པ་འཚོལ་ཞིབ་བྱས་ཏེ། ཕྱོགས་གཅིག་ནས་ལག་ཤེས་པ་སྒྲིག་འཛུགས་བྱས་ཏེ་གྲོང་གསེབ་ཏུ་བསྐྱོད་ནས་སྲོལ་རྒྱུན་ལག་རྩལ་སློབ་ཁྲིད་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་གྲོང་གསེབ་ཀྱི་བུད་མེད་དང་མཉམ་ལས་བྱས་པ་བརྒྱུད་ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱི་མངགས་ཐོ་མཁོ་འདོན་བྱས་ནས་ཁོང་ཚོར་ཁྱིམ་གྱི་སྒོ་རྩ་ནས་ཡོང་འབབ་འཕར་བ་བྱས་ཡོད།

    ད་ཆ་སྤོས་དང་བོད་བཟོའི་རྒྱན་ཆ་སོགས་རིག་གནས་ཐོན་རྫས་ཀྱང“བརྙན་ཐུང་དང་ཐད་གཏོང”ཟུང་དུ་འབྲེལ་ཏེ་ས་མཐོ་ནས་ཕྱིར་གཏོང་བྱས་ཡོད། དྲ་ཚོང་གིས་ཐོན་རྫས་ཀྱི་ཚོང་ལམ་རྒྱ་བསྐྱེད་པ་མ་ཟད། ཞིང་འབྲོག་པ་དེ་བས་མང་བར་སྟབས་བསྟུན་ལས་ཞུགས་དང་ཡོང་འབབ་འཕར་བའི་གོ་སྐབས་ཀྱང་བསྐྲུན་ཡོད།

    བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་བསྡོམས་རྩིས་བྱས་པར་གཞིགས་ན། 2025ལོའི་ཟླ་བ་དང་པོ་ནས་བཞི་པའི་བར་བོད་ཀྱིས་དྲ་ཐོག་སིལ་ཚོང་བྱེད་ཚད་དངུལ་འབོར་སྒོར་དུང་ཕྱུར་108.4ཟིན་ནས་དུས་མཚུངས་ལས་36.7%འཕར་ཡོད། དེའི་ནང་ཐད་གཏོང་སིལ་ཚོང་བྱེད་ཚད་དངུལ་འབོར་སྒོར་དུང་ཕྱུར་33.6ཟིན་ནས་དུས་མཚུངས་ལས་41.8%འཕར་བ་དང་། ཞིང་ལས་ཐོན་རྫས་དྲ་ཐོག་ནས་སིལ་ཚོང་བྱེད་ཚད་དངུལ་འབོར་སྒོར་དུང་ཕྱུར་3.2ཟིན་ནས་དུས་མཚུངས་ལས་17.5%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།