《“གངས་ཅན་རིག་མཛོད”དཔེ་ཚོགས་པོད་བརྒྱ་ཕྱོགས་བསྒྲིགས》ཀྱི་དཔེ་ཕུད་འགྲེམས་སྤེལ་དང་ལེགས་འབུལ་མཛད་སྒོ་ལྷ་སར་གཟབ་རྒྱས་ངང་འཚོགས་པ།
《“གངས་ཅན་རིག་མཛོད”དཔེ་ཚོགས་པོད་བརྒྱ་ཕྱོགས་བསྒྲིགས》ཀྱི་དཔེ་ཕུད་འགྲེམས་སྤེལ་དང་ལེགས་འབུལ་མཛད་སྒོ་ལྷ་སར་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་མཁས་དབང་དང་ལས་དོན་པར་གཟེངས་བསྟོད་འབུལ་བཞིན་པ།
(གསར་འགོད་པ་བསོད་ནམས་མཚོ་མོ། ཤེས་རབ་རྡོ་རྗེ། བསོད་ནམས་སྟོབས་ལགས)ཟླ་6ཚེས་10ཉིན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ་བའི་མཚམས་འདིར། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་ཀྲུང་གོའི་དེང་རབས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད། བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུས་དང་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་མཉམ་དུ་གཙོ་གཉེར་དང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་སྒྲུབ་འགན་འཁུར་བའི《“གངས་ཅན་རིག་མཛོད”དཔེ་ཚོགས་པོད་བརྒྱ་ཕྱོགས་བསྒྲིགས》ཀྱི་དཔེ་ཕུད་འགྲེམས་སྤེལ་དང་ལེགས་འབུལ་མཛད་སྒོ་ལྷ་སར་གཟབ་རྒྱས་ངང་འཚོགས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་འཁྲུག་ཆ་དོད་ཅིང་། པེ་ཅིང་དང་། མཚོ་སྔོན། སི་ཁྲོན་སོགས་ལྗོངས་ཕྱི་ནང་གི་རིག་གནས་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་། དེ་བཞིན་དཔེ་རྙིང་སྲུང་སྐྱོང་ལས་དོན་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་200ལྷག་ཙམ་ད་ཐེངས་ཀྱི་མཛད་སྒོར་ཞུགས་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་ཕུལ་བའི་རིག་གནས་ཀྱི་ཕྱག་རྟགས་ཤིག་ཡིན་པའི《“གངས་ཅན་རིག་མཛོད”དཔེ་ཚོགས་པོད་བརྒྱ་ཕྱོགས་བསྒྲིགས》འགྲེམས་སྤེལ་བྱས་པ་དེས། དུས་རབས་གསར་པའི་བོད་ཀྱི་རིག་གནས་རྒྱུན་འཛིན་ལ་སྟེགས་བུ་གསར་པ་ཞིག་བཏོད་ཡོད་ལ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྟོབས་ཤུགས་བསྣན་ཡོད་པ་མ་ཟད། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་ཡོད།