རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་ཤང་ཆན་གྱིས།
འཛམ་གླིང་ཡང་རྩེར“ཚན་རྩལ་རགས་ཆེན”བསྐྲུན་པ།
2021ལོའི་ཟླ་3ཚེས་26ཉིན། ལྷོ་ཁ་གྲོང་ཁྱེར་དུ་གནས་པའི་བོད་ལྗོངསDGཆུ་ཤུགས་གློག་ཁང་གི་རྣམ་གྲངས་འཛུགས་སྐྲུན་ལས་ཡུལ་དུ་གཏམ་བཟང་ཞིག་འབྱོར་བ་སྟེ།
ཨར་སྐྲུན་ཚན་པས་ཚངས་ཐིག་ཧའོ་སྨི་200དང་རིང་ཚད་སྨི་26.2ཟིན་པའི་རིམ་གསུམ་བཙིར་གནོན་ཨར་འདམ་གྱི་མ་དཔེ་ཞིག་བདེ་བླག་ངང་བཏོན་ནས་དེ་གོང་རང་རྒྱལ་གྱིས་གསར་གཏོད་བྱས་པའི་རིང་ཚད་སྨི་25.9ཡི་བཙིར་གནོན་ཨར་འདམ་གྱི་མ་དཔེའི་འཛམ་གླིང་གི་ཟིན་ཐོ་བཏོད་ཡོད་པ་རེད།
འཛམ་གླིང་གི་ཟིན་ཐོ་གསར་པ་དེ་ནི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་ཀྲུང་གོ་ཆུ་ཤུགས་གློག་ཁང་ཅུས་དགུ་པའི་བོད་ལྗོངས་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཤང་ཆན་གྱིས་གསར་གཏོད་དང་ཞིབ་འཇུག་གསར་སྤེལ་བྱས་པའི་མཉམ་འདུས་རྣམ་པའི་དྲོད་སྲུང་བརླན་སྲུང་ལག་རྩལ་གསར་པ་ལས་བྱུང་བ་དང་རགས་ཆེན་ལ་རིག་ནུས་ཀྱི“དྲོད་སྲུང་གོ་ཆ”སྤྲས་པ་རེད།
ཤང་ཆན་གྱིས“མིག་སྔར་རིམ་གསུམ་བགྲུས་བཙིར་ཨར་འདམ་གྱི་ལྟེ་དཔེ་དེ་ཀྲུང་གོ་རྒྱལ་ཁབ་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་ཡོད”ཅེས་ངོ་སྤྲོད་བྱས།
ཤང་ཆན་ནི་1983ལོར་ཧུའུ་ནན་ཞིང་ཆེན་ཤང་ནུབ་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་རུ་སྐྱེས་པ་དང་། 2007ལོར་ཁྲང་ཧྲ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་ཆུའི་བཟོ་པའི་ཆེད་ལས་ནས་མཐར་ཕྱིན་རྗེས་ཀྲུང་གོ་ཆུ་ཤུགས་གློག་ཁང་ཅུས་དགུ་པར་ལས་ཀ་བྱས་པ་རེད།
ལས་ཀར་ཞུགས་ནས་ལོ་18སོང་རིང་། ཤང་ཆན་གྱིས་རྣམ་གྲངས་པུའུ་དང་མཉམ་དུ་ཀུའེ་ཀྲོའུ་དང་། ཡུན་ནན། ཧུའུ་པེ། ཧྲན་ཤིས་སོགས་སུ་བསྐྱོད་པ་དང་། 2018ལོར་ཀྲུང་གོ་ཆུ་ཤུགས་གློག་ཁང་ཅུས་དགུ་པས་བོད་ལྗོངས་DGཆུ་ཤུགས་གློག་ཁང་གི་རགས་ཆེན་ལས་གྲྭའི་རྣམ་གྲངས་སྒྲུབ་འགན་ཁུར་བ་དང་། ཤང་ཆན་གྱིས་ལས་གྲྭའི་སྤྱི་ཁྱབ་བཟོ་བཀོད་པའི་འགན་ཁུར་བ་རེད།
“དཀའ་ངལ་དང་འགྲན་སློང་གང་འདྲ་ཞིག་འཕྲད་ཀྱང་། ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་བློ་གྲོས་དང་སྟོབས་ཤུགས་གཅིག་་སྒྲིལ་བྱས་ན། སེལ་མི་ཐུབ་པའི་དཀའ་གནད་མེད་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད”ཅེས་ཤང་ཆན་གྱིས་བརྗོད།
ཡིད་ཆེས་དེ་ལ་བརྟེན་ནས་ཤང་ཆན་གྱིས་བོད་ལྗོངས་DGཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱེད་རིང་ལག་རྩལ་གྱི་དཀའ་གནད་གཅིག་རྗེས་གཉིས་མཐུད་ངང་བསལ་ཡོད།
ལག་རྩལ་ལ་རྒྱུན་ཆད་མེད་པར་ཚད་བརྒལ་བྱུང་བ་དེས་རྣམ་གྲངས་ཀྱི་གཟི་བརྗིད་དུས་སྐབས་བསུས་པ་སྟེ། 2023ལོར་བོད་ལྗོངས་DGཆུ་ཤུགས་གློག་ཁང་ལ་རྒྱལ་ཁབ་ཀྱི་སྤུས་ལེགས་ལས་གྲྭའི་གསེར་གྱི་བྱ་དགའ་ཐོབ་པ་རེད།
བོད་ལྗོངས་DGཆུ་ཤུགས་གློག་ཁང་གི་རྣམ་གྲངས་ཕུད། ཤང་ཆན་ད་དུང་རང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་མང་པོའི་འཛུགས་སྐྲུན་ནང་ཞུགས་ཤིང་། དེའི་རིང་ཁོང་གིས་བློ་ཁོག་ཆེན་པོས་ཐལ་རྡོའི་ཕྱེ་མས་སོལ་ཐལ་གྱི་ཚབ་བྱེད་པའི་བསམ་ཚུལ་བཏོན་པ་དང་། ལག་རྩལ་ཚོགས་པའི་སྣེ་ཁྲིད་དེ་ཚོད་ལྟ་ཁང་དང་ལས་ཡུལ་དབར་འགྲོ་འོང་ཐེངས་མང་བྱས་ཏེ་བོད་ལྗོངས་ཆུ་ཤུགས་གློག་ཁང་གི་ལས་གྲྭ་འཛུགས་སྐྲུན་ཁྲོད་སྲོལ་རྒྱུན་གྱི་བསྲེས་སྦྱོར་རྒྱུ་ཆ་དཀོན་པའི་དཀའ་གནད་བསལ་བ་རེད།
“ཉ་སྟེར་བ་ལས་ཉ་འཛིན་སྟངས་སློབ་པ་དགའ། ང་ཚོས་ངལ་རྩོལ་པ་ཚང་མར་འཇོན་ཐང་ལ་བརྟེན་ནས་འཚོ་བ་ཡག་པོ་སྐྱེལ་དུ་འཇུག་དགོས”ཞེས་ཤང་ཆན་གྱིས་དེ་ལྟར་བརྗོད་ཅིང་། དེ་ལྟར་ལག་ལེན་ཡང་བསྟར་གྱི་ཡོད། འཛུགས་སྐྲུན་བྱེད་པའི་ལས་གྲྭའི་རྣམ་གྲངས་ལ་བརྟེན་ནས་ཀུང་སིས་རང་འགུལ་ངང་ཡུལ་དེ་གའི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་ལ་འབྲེལ་མཐུད་བྱས་ཤིང་། ཡུལ་དེ་གའི་མང་ཚོགས་མི་ཐེངས་16000ལྷག་ཙམ་ལས་གྲྭ་འཛུགས་སྐྲུན་ནང་སྔོན་དུ་བསྡུས་པས“སྒོ་རྩར་ལས་ཞུགས”ཐུབ་ཡོད། དུས་མཚུངས་སུ་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་62བསྡུས་ཏེ་ཁོང་གིས“དགེ་རྒན་གྱིས་དགེ་ཕྲུག་སྐྱོང་བའི”ཐབས་ལམ་བརྒྱུད་གསོ་སྐྱོང་བྱས་པས། ལས་མི་གསར་པ་ནས་ལག་རྩལ་གྱི་རྐང་འཛིན་པར་མགྱོགས་མྱུར་འཚར་ལོངས་བྱུང་ཡོད།
གངས་ལྗོངས་ས་མཐོར་འབད་འབུངས་ཡར་བརྩོན་བྱེད་མཁན་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་ཤང་ཆན་གྱི་གཟུགས་བརྙན་ནི། དུས་རབས་གསར་པའི་ངལ་རྩོལ་པའི་བསྟོད་གླུ་ཞིག་དང་འདྲ་བར་མི་རྣམས་ས་བབ་སྔར་ལས་མཐོ་བའི་ཕྱོགས་སུ་རྒྱུན་ཆད་མེད་པར་འཛེགས་རྒྱུར་ལམ་སྟོན་བྱེད་བཞིན་ཡོད།