སྔོ་ལྗང་ལུང་གཞུང་མཛེས་པའི་རི་མོ་འདྲ།
ལྷོ་ཁ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས“ལེ་དབར་བརྒྱའི་ལྗང་མདོག་ཁྱམས་རིང”བསྐྲུན་པའི་སྐོར་གྱི་སྒྲིལ་གླེང་།
ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི“ལེ་དབར་བརྒྱའི་ལྗང་མདོག་ཁྱམས་རིང”དང་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པའི་ལྷོ་ཁ་གྲོང་ཁུལ་ཞི་མཐུན་མཉམ་གནས་ལས་ས་མཐོའི་ཐུན་མིན་གྱི་སྐྱེ་ཁམས་མཛེས་པ་མངོན་པ།
རྩོམ་སྒྲིག་པའི་སྦྲགས་མཆན།
ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་གནས་པའི་ལྷོ་ཁ་གྲོང་ཁྱེར་ནི་བོད་ཀྱི་ཞིང་ལས་ཁུལ་དང་མི་འབོར་འདུས་སྡོད་ཁུལ་གལ་ཆེན་ཞིག་ཡིན། ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ“ལེ་དབར་བརྒྱའི་ལྗང་མདོག་སྐྱེ་ཁམས་ཁྱམས་རིང”བསྐྲུན་པ་དེ་ལྷོ་ཁ་དང་ཐ་ན་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་དང་རྒྱུན་མཐུད་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། དེ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲ་བརྟན་དུ་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་ཡིན་ལ། ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བའི་ལྡོག་མེད་ཀྱི་གདམ་ག་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་གྱིས“འཛུགས་གཏོད་བཞིར”དམིགས་པ་དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་བརྒྱབ་ནས། རང་ངོས་ཀྱི་སྐྱེ་ཁམས་ལེགས་ཆར་གཞི་ཚུགས་ཏེ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་གོ་སྐབས་སུ་བྱས་ནས། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི“ལེ་དབར་བརྒྱའི་ལྗང་མདོག་སྐྱེ་ཁམས་ཁྱམས་རིང”སྐྲུན་པ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ནས། སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་འབད་འབུངས་མདུན་སྐྱོད་བྱེད་བཞིན་ཡོད།
ཡར་ཀླུང་གཙང་པོ་འདི་ཉིད་སྙེ་མོའི་ཐོག་ཤར་བརྒྱུད་ནས་དལ་བུར་བཞུར་རྗེས་ཆུ་ཤུར་ནས་ཤར་ཕྱོགས་སུ་རྒྱུག་འགྲོ་གི་ཡོད། གོང་དཀར་ནས་ཟངས་རི་བར་གྱི་ཡངས་ཤིང་རྒྱ་ཆེ་བའི་ལུང་གཞུང་དུ་དྲ་བ་བཀྲམ་པ་ལྟར་གྱི་བྱེ་གླིང་ཡང་གྲངས་མེད་ཡོད།
བསམ་ཡུལ་ལས་འདས་པ་ཞིག་ལ། བྱེ་གླིང་དེ་དག་དང་དགུན་དཔྱིད་ཀྱི་ཐལ་རླུང་གཅིག་ཏུ་འདྲེས་ནས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ལུང་གཞུང་གི་བྱེ་རླུང་ཆགས་ཡོད།
བྱེ་རླུང་གིས་ལུང་གཞུང་དེར་དུས་ཡུན་ག་ཚོད་གཙེས་པ་སུས་ཀྱང་མི་ཤེས། འོན་ཀྱང་ད་ལྟའི་སྲུང་སྐར་ས་བཀྲ་ནས་ལུང་གཞུང་དེའི་རིང་ཚད་ལ་སྤྱི་ལེ་160དང་། ཞེང་ཚད་ལ་སྤྱི་ལེ་1.8ཙམ། རྒྱ་ཁྱོན་ལ་མུའུ་ཁྲི་50ཙམ་ཡོད་པའི་ཕྱོགས་བསྡུས་སྐྱེ་ཁམས་ནགས་ཁུལ་ཞིག་ཏུ་གྱུར་ནས་ལྗང་མདོག་གི་ཤོག་སྒྲིལ་རི་མོ་ཞིག་ཡར་ཀླུང་གཙང་པོའི་ངོགས་གཉིས་སུ་བཀྲམ་པ་དང་གཉིས་སུ་མ་མཆིས། བོད་ཀྱི་རྒྱལ་ཁབ་རིམ་པའི་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ཁུལ་དང་པོ་ཡིན་པའི་ལེ་དབར་བརྒྱའི་ལྗང་མདོག་སྐྱེ་ཁམས་ཁྱམས་རིང་དེ་ནི་ས་མཐོའི་བུ་ཕྲུག་ཚོས་བྱེ་རླུང་དང་འཐབ་པ་དང་རང་བྱུང་ཁམས་དང་མཉམ་གནས་བྱེད་པའི་ལྗང་མདོག་གི་རྡོ་རིང་ཞིག་དེ་བས་རེད།
བྱེ་རླུང་དང་འཐབ་པའི་དམ་བཅའ་བཞག་པ།
“སྔོན་ཆད་དཔྱིད་རླུང་ལྡང་ཚེ། ཐོག་སྟེང་གི་ཉི་ནུས་ཤེལ་ལེབ་ཚང་མ་བྱེ་མས་འགེབས་ཀྱི་ཡོད”ཅེས་གོང་དཀར་རྫོང་བྱང་ཐང་གྲོང་རྡལ་གྱི་མང་ཚོགས་ཚེ་རིང་རྡོ་རྗེས་རང་ཁྱིམ་གྱི་སྒོ་རའི་མདུན་དུ་ལངས་ནས་ཐག་རིང་གི་སྡོང་ཕྲུག་ལ་བལྟས་ཏེ་སེམས་འགུལ་ཐེབས་བཞིན་བཤད། དེ་ནི་སྔོན་ཆད་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་བྱེ་འགྱུར་ཚབས་ཆེ་ཤོས་ཀྱི་ས་ཆའི་གྲས་ཤིག་ཡིན་ཞིང་། ལོ་ལྟར་དཔྱིད་ཀའི་དུས་སུ་བྱེ་རླུང་གིས་ཞིང་ཁ་གཙེས་ནས་གྲོང་མི་ཚོ་བསྐྱར་འདེབས་མི་བྱེད་ཀ་མེད་བྱུང་སྟེ་དཀའ་སྤྱད་ངལ་རྩོལ་བྱས་པ་རྟག་ཏུ་བྱེ་རླུང་གིས་རྨེག་མེད་དུ་གཏོང་གི་ཡོད།
བྱེ་རླུང་གིས་ས་གནས་དེ་གའི་ཞིང་འབྲོག་ལས་ཐོན་སྐྱེད་ལ་གཏོར་སྐྱོན་ཧ་ཅང་ཆེན་པོ་བཏང་ཞིང་། ཆུ་བོ་དང་ཐག་ཉེ་བའི་ཞིང་རར་རླུང་ཟད་ཚབས་ཆེན་ཐེབས་པ་དང་ས་རྒྱུ་གཤིན་པོ་ཡང་བྱེ་རླུང་གིས་ཁྱེར་ནས་ལོ་ཏོག་སྐྱེ་འཚར་དཀའ་བ་དང་འབྲུ་རིགས་ཐོན་འབབ་ཡག་པོ་མེད། ངོགས་གཉིས་ཀྱི་རི་ལྡེབས་ཀྱི་རྩྭ་ར་ཡང་བྱེ་མས་བཏུམས་ནས་རྩྭ་ཐར་ཐོར་ལས་སྐྱེ་ཡི་མེད་པས། ས་གནས་དེ་གའི་འབྲོག་ལས་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད།
འགྲིམ་འགྲུལ་ལ་ཡང་བྱེ་རླུང་གི་གནོད་འཚེ་ཆེན་པོ་ཐེབས་ཤིང་། ལྷ་སའི་གོང་དཀར་གནམ་ཐང་དུ་ལོ་ལྟར་ཟླ་བ་གཉིས་ཙམ་ལ་བྱེ་རླུང་འཚུབ་ནས་དུས་གཏན་གནམ་གྲུ་རྒྱུན་ལྡན་ལྟར་འཕུར་འབབ་བྱེད་མི་ཐུབ་པས། འགྲུལ་པ་འགྲོ་སྐྱོད་དང་ས་ཁུལ་དབར་གྱི་སྤེལ་རེས་ལ་འགོག་རྐྱེན་ཆེན་པོ་བཟོས་ཡོད། ས་གནས་ཁག་དང་སྦྲེལ་མཐུད་བྱེད་པའི་གཞུང་ལམ་ཡང་རྟག་ཏུ་བྱེ་མས་བཀབ་ནས་རླངས་འཁོར་འགྲོ་སྐྱོད་ལ་འགོག་རྐྱེན་ཆེན་པོ་བཟོ་གི་ཡོད།
ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོར་ཤུགས་སྣོན་རྒྱག་པ་ནི་ཁ་ཚ་དགོས་གཏུགས་ཤིག་རེད། འབད་བརྩོན་ལྷོད་མེད་བྱས་ན་ཡར་ཀླུང་གཙང་པོའི་དབུས་རྒྱུད་ངོགས་གཉིས་ཀྱི་བྱེ་རླུང་གཞི་ནས་འགོག་ཐུབ།
དེ་ཡང་2001ལོར་སྤེལ་འགོ་ཚུགས་པའི“གཙང་པོ་གཅིག་དང་ཆུ་བོ་གཉིས”ཀྱི་ཕྱོགས་བསྡུས་གསར་སྤེལ་ནས་འགྱུར་ལྡོག་བྱུང་ཞིང་། ལྷོ་ཁ་གྲོང་ཁྱེར་གྱིས་གྲ་ནང་རྫོང་བྱང་ཐང་གྲོང་རྡལ་དུ“རྩྭ་མིག་བྱེ་བཅོས”ཀྱི་ཚོད་ལྟ་ཐེངས་དང་པོ་བྱས་པ་སྟེ། གྲོང་མིས་གཡག་ལ་སོག་མའི་ཁལ་བཀལ་བ་དང་སྨི་གྲུ་བཞི་གཅིག་རེ་བྱས་པའི་རྩྭ་མིག་བཟོས་པ་དང་དེར་ཚར་བོང་དང་སྐྱེར་མ་འདེབས་ཀྱི་ཡོད། འོན་ཀྱང་ས་མཐོའི་གནམ་གཤིས་ངན་པས་སྐྱེ་འཚར་ལ་ཤུགས་རྐྱེན་ཐེབས་ནས་རྩྭ་མིག་མང་པོ་ཞིག་ལོ་གཉིས་པར་བྱེ་རླུང་གིས་བསྣུབས།
“སྐབས་དེ་དུས་མིས་རང་བྱུང་ཁམས་ལ་ཁ་གཏད་གཅོག་ཐུབ་ཀྱི་མ་རེད་སྙམ་གྱི་ཡོད”ཅེས་ཐོག་མའི་ཚོད་ལྟའི་ནང་ཞུགས་མཁན་གྲོང་མི་དབང་འདུས་ཀྱིས་ཕྱིར་དྲན་བྱེད་བཞིན་བཤད།
འོན་ཀྱང་ལྷོ་ཁ་བའི“ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ”ལྟར་གྱི་སྙིང་སྟོབས་ཀྱིས་བྱེ་རླུང་ལ་ཁ་གཏད་གཅོག་ཐུབ་ཡོད།
ལོ་ངོ་40ལྷག་ཙམ་གྱི་རིང་། གནའ་བོའི་ས་གཞི་འདིར་མི་རབས་ནས་མི་རབས་ཀྱིས་རང་བྱུང་ཁམས་དང་འཐབ་རྩོད་བྱས་ཏེ། སྔོ་འགྱུར་བྱེ་བཅོས་ཀྱི་བརྗིད་ཆེའི་ལེའུ་རེ་རེ་བཞིན་བརྩམས་ཡོད།
དམངས་ཡོངས་སྐུལ་སློང་གིས་ལྗང་མདོག་ཁྱམས་རིང་བསྐྲུན་པ།
ལོ་ངོ་40ལྷག་ཙམ་གྱི་གོང་རོལ་དུ་གྲ་ནང་རྫོང་གྲ་ཕྱི་ཤང་ནོར་སྟོད་གྲོང་ཚོའི་ལོ་བཅུ་ལྷག་ཙམ་ལ་སླེབས་པའི་དཔལ་འབྱོར་ལུག་རྫིར་འགྲོ་སྐབས་གྲོང་ཚོའི་མཐའ་འཁོར་གྱི་རི་ལྡེབས་སུ་རྒྱ་ལྕང་རྐང་5བཏབ་པ་རེད། “རི་བོ་སྐྱ་ཐེར་ཐེར་ཡིན་པའི་སྒང་ལ་ཉི་མ་ཚ་པོ་བསྟན་ཙང་ཚ་བ་ཧ་ཅང་ཆེན་པོ་འདུག”སྐབས་དེ་དུས་དཔལ་འབྱོར་གྱིས་ལུག་འཚོ་སྐབས་བསིལ་གྲིབ་ཅིག་ཡོད་ན་ཅི་མ་རུང་སྙམ་གྱི་ཡོད།
དུས་དེ་ནས་བཟུང་རང་ཉིད་དང་ལྕང་མའི་དབར་ལས་འབྲེལ་ཟབ་མོ་ཆགས་ཡོང་སྙམ་པ་དཔལ་འབྱོར་གྱི་བསམ་པའི་ཡུལ་ལའང་འཁོར་མྱོང་མེད་ཅིང་། དང་ཐོག་ལྕང་མ་རྐང་ཁ་ཤས་བཏབ་པ་ནས་ཕྱིས་སུ་ཡར་ཀླུང་གཙང་པོའི་བྱེ་འགོག་བྱེ་བཅོས་ནགས་བཟོའི་ལས་གྲྭར་ཞུགས་པའི་བར་དང་། དེ་ནས་སྡོང་ཕྲུག་གི་རྟེན་གཞི་བཙུགས་པའི་བར་དཔལ་འབྱོར་ཡུལ་དེ་གར་སྐད་གྲགས་ཆོད་དེ་ཡུལ་མི་ཚང་མས་ཁོང་ལ“པཱ་ལྕང་མ་ལགས”ཞེས་འབོད་ཀྱི་ཡོད།
དེ་རྗེས་ཁོང་གིས་ཡུལ་མི་ཚོའི་སྣེ་ཁྲིད་ནས་ལྕང་འཛུགས་རུ་ཁག་བཙུགས་ཏེ་གྱོན་གོས་རྙིང་པས་སྡོང་རྐང་བཏུམས་པ་དང་སྤྱི་ལེ་ཁ་ཤས་ཀྱི་ས་ནས་ས་དབོར་ཏེ་བྱེ་མ་འཇགས་ཐབས་བྱས་ནས་རྩྭ་རྩི་ཤིང་ཡེ་ནས་མཐོང་རྒྱུ་མེད་པའི་བྱེ་སར་སྡོང་ཕྲུག་ཁག་དང་པོ་བཙུགས། ནགས་བཟོ་བྱ་ཐབས་འདི་རིགས་བལྟས་ཚོད་དུ་ཅུང་གླེན་རྟགས་ཚ་ཙམ་ཡོད་མོད། འོན་ཀྱང་ས་མཐོའི་བྱེ་བཅོས་ཐད་ཉམས་མྱོང་རྩ་ཆེན་བསགས་ཡོད།
དུས་རབས་21པར་སླེབས་རྗེས། བྱེ་བཅོས་ལག་རྩལ་ལ་ཚན་རིག་ཅན་གྱི་རིམ་སྤོར་བྱུང་ཞིང་། ལྷོ་ཁ་གྲོང་ཁྱེར་གྱིས་ལས་གྲྭའི་བྱེ་བཅོས་དང་སྐྱེ་དངོས་བྱེ་བཅོས་ཟུང་འབྲེལ་གྱི་བྱ་ཐབས་གསར་གཏོད་ཀྱིས་ཡར་ཀླུང་གཙང་པོའི་ལྷོ་ངོགས་ཀྱི་གྲམ་ཐང་དུ“རགས་གསུམ་མདོ་ཁའི”བྱེ་འཇགས་ཐབས་ཤེས་ཚོད་ལྟ་བྱས་ནས་སྡོང་ཕྲུག་ཆེན་པོ་གཏིང་རིང་པོར་འཛུགས་པའི་ལག་རྩལ་སྤྱད་དེ་གསོན་ཚད་མཐོ་རུ་བཏང་ཡོད། ཡར་ཀླུང་གཙང་པོའི་བྱང་རྒྱུད་དུ་མུའུ་5000ཟིན་པའི་སྡོང་ཕྲུག་ལྡུམ་རའི་རྟེན་གཞི་བསྐྲུན་ཏེ། གསོམ་ཤིང་དང་སྦྱར་པ་སོགས་སྐྱེ་འཚར་ལེགས་པའི་ལྗོན་ཤིང་རིགས་70ལྷག་ཙམ་འདེབས་གསོ་བྱས་པས་གསོན་ཚད་30%ནས་90%བར་མཐོ་རུ་ཕྱིན་ཡོད། དཔལ་འབྱོར་གྱི་བུ་ནོར་བུས་ཕ་ཤུལ་བུ་འཛིན་བྱས་རྗེས་པ་ཕ་དང་མི་འདྲ་བར་རིག་ནུས་དྲ་རྒྱའི་མ་ལག་སྤྱད་དེ་གནམ་གཤིས་དང་ས་རྒྱུའི་གྲངས་གཞིར་དབྱེ་ཞིབ་བྱས་ནས་ཤིང་རིགས་འདེམས་སྒྲུག་བརྒྱབ་པས“སྡོང་ཕྲུག་འདེབས་གསོ་ཚན་རིག་དང་མཐུན་པ་དང་ནགས་བཟོ་གནད་སྨིན”བྱུང་ཡོད། དེ་ལྟར་མི་རབས་གཉིས་ཀྱི་བློ་གྲོས་མི་འདྲ་བ་ལས་བྱེ་བཅོས་ཐད“གསོན་ཐབས་བྱེད་པ”ནས“བཏབ་ཚད་གསོན་པའི”བར་འཕེལ་རྒྱས་བྱུང་ཡོད།
ལོ་མང་འབད་བརྩོན་བྱས་པ་བརྒྱུད། ལྷོ་ཁ་གྲོང་ཁྱེར་གྱི་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ཁུལ(བསམ་ཡས་ལྟེ་བའི་ཁུལ)རང་ལྗོངས་ཀྱི་རྒྱལ་ཡོངས་བྱེ་འགོག་བྱེ་བཅོས་དཔེ་སྟོན་ཁུལ་འབའ་ཞིག་ཏུ་བསྐྲུན་ཡོད། འདི་གར་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ལག་ལེན་བྱས་པ་ལས་སྤྱོད་གོ་ཆོད་པའི་བྱེ་འགོག་བྱེ་བཅོས་བྱེད་སྟངས་དང་ལག་རྩལ་མ་ལག་ཆ་ཚང་ཞིག་གྲུབ་སྟེ། ལྗོངས་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ལས་དོན་ལ་ཉམས་མྱོང་རྩ་ཆེན་མཁོ་འདོན་བྱས་ཡོད།
མིག་སྔའི་བར། ལྷོ་ཁ་གྲོང་ཁྱེར་གྱིས་བྱེ་བཅོས་མུའུ་ཁྲི་2.3གྱི་ལས་དོན་ལེགས་སྒྲུབ་བྱས་པས། གཙང་འགྲམ་བྱེ་འགྱུར་གྱི་སྣང་ཚུལ་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ནས་སྔོན་ཆད་ཀྱི་མྱ་ངམ་ཐང་ད་ཆ་རིམ་བཞིན་སྔོ་ཐིང་ཐིང་དུ་གྱུར་ཏེ་བྱེ་ཐང་ནས“ལྗང་མདོག་ཁྱམས་རིང”བར་གྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད།
“ཕྱོགས་ལྔ་གཞི་གཅིག”ལ་བརྟེན་ནས་ཁྱིམ་གཞིས་བསྲུངས་པ།
སྐྱེ་ཁམས་ཀྱི་ཕན་འབྲས་ལ“དོ་དམ་ཡག་པོ་དང་སྲུང་སྐྱོང་ཡག་པོ”ཐུབ་པར་འགན་ལེན་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས“བདག་སྐྱོང་དང་། མེ་ཟོན། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་། གནོད་འཚེ་སྔོན་འགོག ལྟ་ཞིབ་ཚད་ལེན་བཅས་ཟུང་དུ་འབྲེལ་བའི”ཕྱོགས་ལྔ་གཞི་གཅིག་གི་རིག་ལྡན་དོ་དམ་མ་ལག་བསྐྲུན་ཞིང་། ནགས་སྲུང་བ་19252དང་རྩྭ་ཐང་ལྟ་ཞིབ་པ་5799ལས་དྲ་མིག་ཅན་གྱི་དཔུང་ཁག་གྲུབ་ནས་ལོ་ལྟར་མི་ཐེངས་ཁྲི་13གྱིས་སྲུང་སྐྱོང་རང་བཞིན་གྱི་སྐོར་གཡེང་བྱས་པར་ནགས་ཚལ་དང་། རྩྭ་ཐང་། འདམ་ར་བཅས་ལ་ཡོངས་སུ་ཁྱབ་ཡོད། ཚན་རྩལ་གྱི་མཐུན་རྐྱེན་སྦྱར་ནས་དོ་དམ་དེ་བས་རིག་ནུས་ཅན་ལ་བསྒྱུར་བ་སྟེ། མི་མེད་གནམ་གྲུས་སྡོང་ཕྲུག་དབོར་བ་དང་། ནགས་ཁུལ་ལ་རྒྱང་ཚོར་ལྟ་ཞིབ་ཚད་ལེན་བྱེད་པ། རིག་ནུས་ཆུ་འདྲེན་མ་ལག་གིས་གནད་སྨིན་ངང་ཆུ་ཚོད་འཛིན་བྱེད་པ་སོགས་རེད།
ནགས་བཟོ་བདག་སྐྱོང་ཐད། ཆེད་མི་བཀོད་སྒྲིག་བྱས་ཏེ་ཤིང་འཛུགས་ནགས་བཟོའི་ས་ཁོངས་སུ་དུས་བཀག་སྐོར་ཞིབ་དང་བདག་སྐྱོང་ཞིབ་ཚགས་བྱེད་ཀྱི་ཡོད། ཚན་རྩལ་གྱི་འདེགས་སྐྱོར་འོག ལྷོ་ཁ་གྲོང་ཁྱེར་གྱིས་སྲུང་སྐར་རྒྱང་ཚོར་དང་། མི་མེད་གནམ་གྲུའི་སྐོར་གཡེང་། དྲ་རྒྱ་སོགས་སྔོན་ཐོན་ལག་རྩལ་ལ་བརྟེན་ནས་ནགས་ཚལ་ཐོན་ཁུངས་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད།
གཡུ་འབྲུག་འཁྱུག་པ་དང་དབྱེར་མ་མཆིས་པའི་ཡར་ཀླུང་གཙང་པོའི་བར་རྒྱུད་ཀྱི་སྤྱི་ལེ་160ཙམ་གྱི“ལྗང་མདོག་ལྕགས་རི་རིང་པོའི”རྒྱུད་དུ་བྱེ་རླུང་འཚུབ་པའི་ཉིན་གྲངས་ལོ་རེར་ཆ་སྙོམས་ཉིན་60ལྷག་ཙམ་ནས་ཉིན་7ལྷག་ཙམ་བར་ཉུང་དུ་ཕྱིན་ཡོད། མི་རྣམས་དགའ་འོས་པ་ཞིག་ནི་སྐྱེ་ཁམས་སླར་གསོ་བྱུང་བ་ལས་སྐྱེ་དངོས་སྣ་མང་རང་བཞིན་སླར་གསོ་བྱུང་བ་དེ་རེད། ཤྭ་བ་མཆུ་དཀར་དང་། གླ་བ། ཝ་མོ་བཅས་དང་དེ་བཞིན་འདབ་ཆགས་སྣ་ཚོགས་སྔར་བས་མང་བ་གཙང་འགྲམ་གྱི་ནགས་སའི་རྒྱུད་དུ་འཚོ་སྡོད་བྱེད་ཀྱི་ཡོད།
སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་མཉམ་འདྲེས་བྱས་པའི་འབྲས་བུ་ཉིན་རེ་ལས་མ་འདས་པར་མངོན་ཞིང་། སྐྱེ་ཁམས་སླར་གསོ་བྱེད་པ་དེ་མ་རྩ་རྡིབ་པའི་ཉོ་ཚོང་ཞིག་མ་ཡིན་པར་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་བཞིན་ཡོད།
ད་ཆ་དཔལ་འབྱོར་གྱི་སྡོང་ཕྲུག་རྟེན་གཞི་ནས་ལོ་རེར་སྡོང་ཕྲུག་རྐང་ཁྲི་200ཐོན་པ་དག་ལྷ་ས་དང་གཞིས་རྩེ་སོགས་སུ་ཕྱིར་ཚོང་བྱས་ཏེ་ཞིང་འབྲོག་པ་ཁྲི་370ལྷག་ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད།
དུས་ཡུན་ལོ་ངོ་40ལྷག་ཙམ་རིང་བརྩམས་པའི་སྐྱེ་ཁམས་སྔོ་འགྱུར་གྱི་ལེའུ་ཡིས་ཡར་ཀླུང་གཙང་པོའི་བར་རྒྱུད་ཀྱི་འབྱུང་འགྱུར་ལ་སྔོ་ལྗང་གི་རེ་བ་སྦྱིན་བཞིན་ཡོད། “ཤིང་འཛུགས་པ་ནི་མི་རབས་ཁ་ཤས་ཀྱི་ལས་ཀ་ཡིན། བྱེ་རླུང་ཇེ་ཉུང་དུ་ཕྱིན་པ་མཐོང་སྐབས་ལས་ཀ་དེ་བྱེད་རིན་ཡོད་པ་ཚོར་གྱི་འདུག”ཅེས་དཔལ་འབྱོར་གྱིས་བཤད་པའི་སྐར་ཆ་ལྟར་དེ་སྔ་བྱེ་རླུང་གིས་གཙེས་པའི་ས་གཞི་དེ་ད་ཆ་ལྗང་མདོག་གིས་རབ་ཏུ་བརྒྱན་དང་རྒྱན་བཞིན་མཆིས།