ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།
《ཧྲེན་ཀྲེན་གྱི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟར་སྐུལ་འདེད་གཏིང་ཟབ་བཏང་ནས་སྒྱུར་བཅོས་གསར་གཏོད་བྱེད་ཟབ་ཏུ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཧྲེན་ཀྲེན་གྱི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟར་སྐུལ་འདེད་གཏིང་ཟབ་བཏང་ནས་སྒྱུར་བཅོས་གསར་གཏོད་བྱེད་ཟབ་ཏུ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད།
《བསམ་འཆར》ནང་བླང་བྱ་བཏོན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཨང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱེད་པ། རྩེ་རིམ་ཇུས་འགོད་དང་གཞི་རིམ་འཚོལ་ཞིབ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཁག་ཐེངས་དབྱེ་ནས་དབང་བསྐུར་བྱ་བའི་གསལ་ཐོའི་ལས་ཀའི་ལམ་སྲོལ་ཞིབ་འཇུག་བྱས་ནས་བཟོས་ཏེ། སྒྱུར་བཅོས་བྱེད་ཐབས་ཁག་གཅིག་འདོན་པ་དང་། གསར་གཏོད་ཚོད་ལྟ་ཁག་གཅིག་དོན་འཁྱོལ་བྱེད་པ། སྒོ་དབྱེའི་བྱེད་ཐབས་ཁག་གཅིག་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། སློབ་གསོ་དང་ཚན་རྩལ་ཤེས་ལྡན་པའི་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་མེད་པ་བཟོས་ཏེ་གསར་གཏོད་འཁོར་འབྲེལ་དང་། ཐོན་ལས་འཁོར་འབྲེལ། མ་དངུལ་འཁོར་འབྲེལ། ཤེས་ལྡན་པའི་འཁོར་འབྲེལ་བཅས་མཉམ་འདྲེས་གཏིང་ཟབ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། གཡོད་ཀང་ཨའོ་མཉམ་ལས་ཀྱི་ཐབས་ལམ་གསར་པ་དང་། རྣམ་པ་གསར་པ། གཞི་རྟེན་གསར་པ་བཅས་རྒྱ་སྐྱེད་གཏོང་བ། དེང་རབས་ཅན་དང་རྒྱལ་སྤྱི་ཅན་གྱི་གསར་གཏོད་རྣམ་པའི་གྲོང་ཁྱེར་སྐྲུན་པ་སོགས་ཀྱི་ཐད་སྔོན་སྒྲུབ་སྔོན་བསྟར་དང་། གསར་འབྱེད་གསར་གཏོད། དངོས་འཛིན་དངོས་སྒྲུབ་བཅས་བྱེད་པ། འགོ་འཛུགས་ས་དེ་བས་མཐོ་བ་དང་། རིམ་པ་དེ་བས་མང་བ། དམིགས་ཚད་དེ་བས་མཐོ་བ་བཅས་ཀྱི་ཐད་སྒྱུར་བཅོས་བྱེད་ཟབ་ཏུ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། འདྲ་བཟོ་རུང་བ་དང་ཁྱབ་གདལ་གཏོང་རུང་བའི་གསོན་ཉམས་དོད་པའི་ཉམས་མྱོང་གསར་གཏོད་བྱེད་པ། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་ཁྲོད་ཀྱི་ཧྲེན་ཀྲེན་གྱི་སྒུལ་ཤུགས་ནུས་པ་གལ་ཆེན་དང་རྒྱལ་ཡོངས་ཀྱི་བསམ་ཇུས་གཅིག་གི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་དེ་བས་ཡག་པ་བཏོན་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་ཆེད་ལེགས་སྐྱེས་འབུལ་བ་དང་དཔེ་སྟོན་གཏོད་དགོས།