དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རི་ཆུ་བརྒལ་བའི་གཅེས་སེམས་ཟབ་མོ་ལས། ས་མཐོའི་བྱིས་པར་རེ་བ་གསར་པ་སྦྱིན།

    —— ཅང་སུའུ་ཡི“སྙིང་སྲུང་འདུ་འགོད”ཀྱིས་བོད་ལྗོངས་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་494སྐྱོབ་བཅོས་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  པའེ་ཀོང་ཏི།   |     སྤེལ་དུས།  2025-06-11

    བོད་ལྗོངས་ལྷ་ས་གྲོང་ཁྱེར་སློབ་འབྲིང་དྲུག་པའི་དམའ་འབྲིང་ལོ་རིམ་གཉིས་པའི་འཛིན་གྲྭ་4པའི་སློབ་ཁང་དུ་ལོ་15ལ་སླེབས་པའི་བཀྲ་ཤིས་རྣམ་རྒྱལ(འགྱུར་མིང)བསྐྱར་སྦྱོང་བྱེད་བཞིན་ཡོད། ཟླ་ཕྱེད་ལྷག་ཙམ་གྱི་གོང་ལ་ཁོ་པ་ནན་ཅིང་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་གཉིས་པར་སྙིང་ཁམས་གཤགས་བཅོས་བྱས། “གཤགས་བཅོས་བྱས་རྗེས་ཀྱི་ཉིན་གསུམ་པར་འགྲོ་སྐྱོད་ཐུབ་པས་སྨན་པས་དྲག་སྐྱེད་ཡག་པོ་བྱུང་འདུག་ཅེས་བཤད་བྱུང་། ཟླ་7པར་ལྷ་ས་གྲོང་ཁྱེར་གྱི་དམའ་འབྲིང་སློབ་མའི་སྐྱེ་དངོས་དང་ས་ཁམས་ཀྱི་གཅིག་གྱུར་ཡིག་རྒྱུགས་ལ་ཞུགས་ཀྱི་ཡིན། ངས་ཡིག་རྒྱུགས་ཡག་པོ་བཏང་ནས་མ་འོངས་པར་སྨན་པ་ཞིག་བྱས་ཏེ་སྤྱི་ཚོགས་ལ་དྲིན་ལན་འཇལ་གྱི་ཡིན”ཞེས་བུ་དེས་རེ་བས་ཁེངས་བཞིན་བཤད།

    བོད་ཀྱི་བྱིས་པ་ཞིག་ཅང་སུའུ་ནན་ཅིང་དུ་སྙིང་ཁམས་གཤགས་བཅོས་བྱེད་དོན་ཅི་ཡིན་ནམ། དེ་ནི་ཤར་ནས་ནུབ་བར་བར་ཐག་སྤྱི་ལེ་3500བརྒལ་བ་དང་ས་བབ་སྨི་4000གི་ཧེ་བག་ཡོད་པའི་ཚེ་སྲོག་གི་འབྲེལ་མཐུད་ལས་བྱུང་བ་ཞིག་རེད།

    ད་ལོའི་ཟླ་4པར་ནན་ཅིང་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་གཉིས་པའི“སྙིང་སྲུང་འདུ་འགོད”ཚོགས་པས་བོད་དུ་བསྐྱོད་དེ་རིན་མེད་ངང་ལྷན་སྐྱེས་སྙིང་ནད་དབྱེ་བཤེར་བྱས་པ་རེད། ས་གནས་དེ་གའི་སྲིད་གཞུང་གི་སྒྲིག་འཛུགས་འོག ལྷན་སྐྱེས་སྙིང་ནད་དང་བྲང་ཁོག་ཡ་མ་གཟུགས་ཀྱི་ནད་གཞི་གཏན་འཁེལ་བའི་བྱིས་པ་31ཟླ་5པའི་ཟླ་དཀྱིལ་དུ་ཅང་སུའུ་རུ་འབྱོར་ནས་གཤགས་བཅོས་བྱས་པ་ལས“སྙིང་སྲུང་འདུ་འགོད། བོད་ཀྱི་བྱ་སྤྱོད”ཀྱི་སྐྱོབ་བཅོས་བྱེད་འགོ་ཚུགས་པ་རེད།

    དེ་ནི་ཚོགས་པ་དེས་ཁག་ཐེངས་གཅིག་ལ་བོད་ཀྱི་བྱིས་པ་སྐྱོབ་བཅོས་བྱེད་པའི་ནད་གཞི་རྙོག་འཛིང་ཆེ་ཤོས་དང་ནད་རིགས་མང་ཤོས་ཤིག་རེད། ནད་པའི་ཁྲོད་ཆུང་ཤོས་ཟླ་བ་ལྔ་ཙམ་ཡིན་པ་དང་ཆེ་ཤོས་ལོ་16ཡིན་ཞིང་། དེའི་ཁྲོད་ཁྱིམ་ཚང་གི་དཀའ་ངལ་གྱིས་རྐྱེན་པས་སྨན་བཅོས་འཐུས་ཤོར་སོང་བའི་དྭ་ཕྲུག་དང་རྒྱུགས་སྤྲོད་ལ་ཉེ་བའི་སློབ་མ། རྙོག་འཛིང་ཆེ་བའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་བཅས་ཡོད།

    “རྙོག་འཛིང་ཆེ་བའི་ལྷན་སྐྱེས་སྙིང་ནད་དེ་གསོ་རླུང་དཀོན་པའི་ཁོར་ཡུག་ཁྲོད་ཚབས་ཆེ་རུ་འགྲོ་བས་ས་མཐོའི་ཁུལ་དུ་དེ་བས་ཉེན་ཁ་ཆེན་པོ་ཡོད”ཅེས་ནན་ཅིང་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་གཉིས་པའི་སྙིང་ཁམས་ཁྲག་རྩའི་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་ལིའུ་ཝེ་ཡིས་བཤད། བྱིས་པ་ཚོའི་ནད་གཞིར་དམིགས་ནས་ཚོགས་པ་དེས་ཁྱད་པར་ཅན་གྱི་སྨན་བཅོས་ཇུས་གཞི་སོ་སོར་བཟོས་ཤིང་། མིག་སྔར་བྱིས་པ་15ལ་གཤགས་བཅོས་བྱས་ཟིན་པ་རེད།

    ལིའུ་ཝེ་ཡིས“བཀྲ་ཤིས་རྣམ་རྒྱལ་ཡིག་རྒྱུགས་ནང་ཞུགས་དགོས་པར་བསམ་གཞིགས་བྱས་ནས་སྨན་བཅོས་ཚོགས་པས་མྱུར་དུ་ནད་གཞིའི་སྙན་ཞུར་དབྱེ་ཞིབ་བྱས་ཏེ་གཤགས་བཅོས་ཇུས་གཞི་གཏན་འཁེལ་བྱས་པ་དང་གཤགས་བཅོས་སྔ་སྣུར་དུ་བྱས་པར་ད་ལྟ་དྲག་སྐྱེད་ཡག་པོ་བྱུང་འདུག”ཅེས་བཤད།

    ཟླ་5ཚེས་20ཉིན། ནན་ཅིང་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་གཉིས་པ་མའེ་ཀའོ་ཆའོ་སྨན་ཁང་དུ་རྒྱལ་ཡོངས་ཀྱི“སྙིང་ནད་གཤགས་བཅོས”ཐོག་མ་དེ་བྱས་པ་རེད། ལྷན་སྐྱེས་སྙིང་ནད་འགོག་བཅོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཞབས་ཞུའི་ལས་སྟེགས་ཤིག་ཡིན་པའི་ངོས་ནས“སྙིང་ནད་གཤགས་བཅོས”ཀྱིས་བརྒྱུད་རིམ་ལྡན་པའི་ངང་ནད་རིགས་སྐོར་གྱི་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བ་དང་མི་ཆོས་རིག་གནས་ཀྱི་སེམས་ཁུར་གྱི་འགན་ནུས་ཉིས་བརྩེགས་འཁུར་རྒྱུ་ཡིན་པ་རེད།

    2014ལོར་འཁོར་སྐྱོད་བྱེད་འགོ་བཙུགས་ཚུན།“སྙིང་སྲུང་འདུ་འགོད”ཀྱིས་བྱིས་པ་ཁྲི་20ལྷག་ཙམ་ལ་རིན་མེད་ངང་དབྱེ་བཤེར་བྱས་པ་དང་། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་2300ལྷག་ཙམ་སྐྱོབ་བཅོས་བྱས་པའི་ནང་བོད་ཀྱི་བྱིས་པ་494ཡོད་པ་རེད། ཤིན་ཅང་དང་། མཚོ་སྔོན། བོད་ལྗོངས་སོགས་ཞིང་ཆེན་15ལ་ཁྱབ་པ་དང་རིམ་རྩིས་བརྒྱབ་ན་ལམ་ཚད་སྤྱི་ལེ་ཁྲི་100ལྷག་ཙམ་ཟིན་ཡོད།

    ནན་ཅིང་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་གཉིས་པའི་ཡོན་ཀྲང་ལི་ཆིང་གོ་ཡིས“ད་ལོ་ཚོགས་པས་དབྱེ་བཤེར་བྱ་ཡུལ་དེ་སྨན་ཁང་ནས་སློབ་གྲྭ་བར་རྒྱ་སྐྱེད་རྒྱུ་དང་དབྱེ་བཤེར་རྣམ་གྲངས་ཐད་ལྷན་སྐྱེས་སྙིང་ནད་ཕུད་ད་དུང་ལྡུག་མའི་བྲང་དང་། བྲང་འབུར། སྙིང་གི་འཕར་ཚད་མི་སྙོམས་པ་སོགས་སྣོན་རྒྱུ་རེད། གྲོང་གསེབ་དང་ཐག་རིང་ལུང་ཁུག་ཏུ་བྱིས་པ་མང་པོ་ཞིག་གིས་རང་ཉིད་ལ་ལྷན་སྐྱེས་སྙིང་ནད་ཕོག་པ་མི་ཤེས་པས། དབྱེ་བཤེར་ལས་དོན་ནི་ཧ་ཅང་གལ་ཆེ་བ་དང་སྤྱི་ཚོགས་ལས་རིགས་ཁག་གིས་ཐུན་མོང་ཐོག་དོ་ཁུར་བྱེད་དགོས་ཀྱི་ཡོད”ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།