མཚོ་སྔོན་གྱིས་སྤུས་ལེགས་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་རྒྱ་སྐྱེད་དང་གཤམ་སྤེལ་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་བ།
ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། མཚོ་སྔོན་ཞིང་ཆེན་གྱིས་སྤུས་ལེགས་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་རྒྱ་སྐྱེད་དང་གཤམ་སྤེལ་བྱེད་པ་དང་། སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་རྫོང་ཁོངས་སུ་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ལེགས་ནུས་ཆེའི་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་བདེ་ཐང་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས། ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་ཐད་ཀྱི་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།
མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཞིང་། མིག་སྔའི་བར། ཞིང་ཆེན་ཡོངས་སུ་ཁྱོན་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་407དང་གྲོང་ཚོའི་འཕྲོད་བསྟེན་ཁང་4430ཡོད་པས་ཤང་དང་གྲོང་རྡལ་ཚང་མར་ཚད་ལྡན་གྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་རེ་དང་སྲིད་འཛིན་གྲོང་ཚོ་ཚང་མར་ཚད་ལྡན་གྱི་གྲོང་ཚོའི་འཕྲོད་བསྟེན་ཁང་རེ་ཡོད་པར་བྱས་པ་རེད། ཞིང་ཆེན་ཡོངས་སུ་ཁྱོན་གྲོང་གསེབ་ཀྱི་སྨན་པ་6616ཡོད་པ་དང་གྲོང་ཚོའི་འཕྲོད་བསྟེན་ཁང་ཚང་མར་ཚད་ལྡན་གྱི་གྲོང་གསེབ་ཀྱི་སྨན་པ་1ནས་2བར་ཡོད་པ་རེད། 2024ལོ་དང་2025ལོར་སྨན་བཅོས་ཞབས་ཞུ་དང་འགན་སྲུང་ནུས་པ་ཆེ་རུ་གཏོང་བའི་མ་དངུལ་སྒོར་དུང་ཕྱུར་3.44སྤྲད་པའི་ནང་30%གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཁྱད་ཆོས་ལྡན་པའི་ཚན་ཁག་འཛུགས་པ་དང་། སྒྲིག་ཆས་སྒྱུར་བཀོད་རིམ་སྤོར། མི་སྣ་གསོ་སྦྱོང་སོགས་ལ་སྤྱད་པ་རེད།
གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཞིང་། འབྲེལ་ཟབ་ཅན་གྱི་རྫོང་ཁོངས་སྨན་བཅོས་ཐུན་མོང་ཚོགས་པ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་སྨན་བཅོས་ཐུན་མོང་ཚོགས་པ་46གིས“མི་སྣ་དང་། ལག་རྩལ། ཞབས་ཞུ། དོ་དམ”བཅས་གཤམ་སྤེལ་བཞི་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་85%ལ་གཟའ་འཁོར་རེར་ཉུང་མཐར་ཡང་ལས་ཀའི་ཉིན་གསུམ་ནང་སྨན་པ་རབ་འབྱམས་པ་ཡན་གྱི་གོ་མིང་ལྡན་པའི་ནད་ཐོག་སྨན་པ་རེས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་ཐུབ་པའི་འགན་ལེན་བྱས་པ་རེད། གྲོང་ཚོ་རིམ་པའི་སྐོར་ཞིབ་སྨན་བཅོས་དང་ཤང་རིམ་པའི་མངགས་སྡོད་ཞབས་ཞུའི་སྨན་བཅོས་ལས་སྒོ་སྤེལ་ནས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་ལག་རྩལ་གསར་པ་དང་། ལས་སྒོ་གསར་པ། རྣམ་གྲངས་གསར་པ་བཅས་སྤེལ་རྒྱུར་རོགས་རམ་བྱེད་པ་དང་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་ཆེད་ལས་ལག་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་གང་ཐུབ་བྱས་ཡོད།
གྲོང་གསེབ་ཀྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཞིང་། ཆ་རྐྱེན་ཡོད་པའི་འཕྲོད་བསྟེན་ཁང་དུ་ཚ་རྒྱས་སྒོ་བསྟེན་སྨན་ཁང(སྨན་བཅོས་ཁང)བཙུགས་པས་ཁྱབ་དགོས་ངེས་ཚང་མར་ཁྱབ་ཐུབ་པ་བྱུང་ཡོད། ཞིང་ཆེན་ཡོངས་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མི་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་དེ་2009ལོའི་སྒོར་15ནས་སྒོར་99བར་སྤར་ཡོད། ཞིང་ཆེན་རིམ་པའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་རིགས་ཆེ་གྲས་3དང་རིགས་ཆུང་གྲས་8མང་དུ་བཏང་ནས་ལོར་སྒོར་ཁྲི་3000བཏང་བ་དང་ལོར་ཁ་གསབ་མ་དངུལ་སྒོར་ཁྲི་5000སྤྲད་དེ་ཞིང་ཆེན་ཡོངས་ཀྱི་ལོ་65དང་དེ་ཡན་གྱི་རྒན་རྒོན་གྱི་གཟུགས་པོར་བརྟག་དཔྱད་བྱེད་ཀྱི་ཡོད། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་ཁོངས་གཏོགས་ཁུལ་གྱི་ཁྲག་ཤེད་མཐོ་བ་དང་། གཅིན་སྙེ་ཟག་ཁུའི་ནད། གློ་བའི་ནད་སོགས་གཅོང་ནད་ཕོག་མཁན་དང་རྒན་རྒོན་དང་། བྱིས་པ། སྦྲུམ་མ་སོགས་གཙོ་གནད་མི་ཚོགས་ལ་དུས་ཚིགས་བརྗེ་སྐབས་གཟུགས་པོར་བརྟག་དཔྱད་བྱེད་པ་དང་། ལོ་འཁོར་དུ་གཟུགས་པོར་བརྟག་དཔྱད་བྱེད་པ། བདེ་ཐང་སློབ་གསོ་གཏོང་བ་བཅས་བྱེད་ཀྱི་ཡོད། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་འདེགས་གཏིང་ཟབ་ཞུས་ནས་ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་དང་གན་རྒྱ་འཇོག་ཚད་69.85%དང་གཙོ་གནད་མི་ཚོགས་དང་གན་རྒྱ་འཇོག་ཚད་86.84%ཟིན་ཡོད།