མཉམ་ལས་བྱས་ནས“ལོ་ལེགས”ཀྱི་འཆར་གཞི་ཡག་པོ་བཀོད་པ།
འགྱུར་ལྡོག་ཆེ་ལ་འགྲན་རྩོད་དྲག་པའི་རྒྱལ་སྤྱིའི་ཁྲོམ་རའི་མདུན་དུ་ཀྲུང་གོའི་དམངས་གཉེར་ཁེ་ལས་རྒྱུན་ཆད་མེད་པར་ཕྱི་ཕྱོགས་སུ་བསྐྱོད་ནས། ཕྱི་ཕྱོགས་ཚོང་དོན་འཕར་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ཞིག་ལ་གྱུར་ཡོད། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་གྲངས་གཞི་གསར་ཤོས་ལས་མངོན་པར། དམངས་གཉེར་ཁེ་ལས་ཀྱིས་ལོ་དྲུག་བསྟུད་མར་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གཉེར་སྐྱོང་གི་བྱེད་པོའི་གནས་བབ་ཨང་དང་པོ་རྒྱུན་འཁྱོངས་བྱས་ཡོད།
ཞིང་ལས་ཁྱབ་ཁོངས་སུ་ཀྲུང་གོའི་དམངས་གཉེར་ཁེ་ལས་ཀྱིས་མཉམ་ལས་སྒོ་དབྱེའི་རྣམ་པར་བརྟེན་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཞིང་ལས་མཉམ་ལས་བྱེད་སྟངས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་སྟེ། གོ་ལ་ཧྲིལ་པོའི་ཞིང་ལས་དེང་རབས་ཅན་འཕེལ་རྒྱས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད། འདི་ག་ཚགས་པར་གྱི་གསར་འགོད་པས་ཧྲན་ཏུང་དང་། ཀྲེ་ཅང་། ཧྲའན་ཤིས་བཅས་ཀྱི་དམངས་གཉེར་ཁེ་ལས་གསུམ་ལ་བཅར་འདྲི་བྱས་ནས། དམངས་གཉེར་ཁེ་ལས་ཀྱི་གྲུ་གཡོར་བཏེགས་ནས་རྒྱ་མཚོ་སྒྲོལ་བ་དང་མཉམ་ལས་གཉིས་ཁེའི་གཏམ་རྒྱུད་ཉན་པ་ཡིན།
ཧྲན་ཏུང་ལི་སེན་ཐེ་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིས།
ཞིབ་འཇུག་གསར་སྤེལ་བྱས་ནས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་40ལྷག་ཙམ་དུ“ཀྲུང་གོའི་དྲོད་ཁང་ཆེན་པོ”བསྐྲུན་པ།
རྒྱང་ཐག་ལེ་དབར་ཁྲི་ཕྲག་ཆོད་པའི་ནེའུ་ཙི་ལན་གྱི་ཨའོ་ཁེ་ལན་དུ་ཧྲན་ཏུང་ལི་སེན་ཐེ་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི(གཤམ་ལ“ལི་སེན་ཐེ་ཞིང་ལས”ཞེས་བསྡུ་རྒྱུ)ལག་རྩལ་པས་དྲོད་ཁང་གི་རྨང་གཞིའི་ཨར་ལས་བྱེད་བཞིན་ཡོད་པ་རེད། རྒྱ་ཁྱོན་ལ་སྨི་ངོས་གྲུ་5000ཟིན་པའི་དེང་རབས་ཅན་གྱི་དྲོད་ཁང་ཆེན་པོ་དེ་དག་ས་གནས་དེ་གའི་མཚོན་རྟགས་རང་བཞིན་གྱི་ཞིང་ལས་གླིང་ཁུལ་དུ་འགྱུར་རེ་ཡོད་པ་རེད།
“ང་ཚོས་ས་གནས་དེ་གའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་དྲོད་སྲུང་མ་ལག་དང་ས་མེད་འདེབས་ལས་སྒྲིག་ཆས་སྒྲིག་སྦྱོར་བྱས་ཤིང་། ཆུ་ལུད་གཞི་གཅིག་ཅན་གྱི་ཆུ་འདྲེན་ལག་རྩལ་སྤྱད་དེ་སྔོ་ཚལ་འདེབས་གསོ་བྱས་པ་ཡིན། སྔོན་དཔག་བྱས་ན། ད་ལོའི་ཟླ་8པར་བསྐྲུན་ཟིན་ནས་རྩིས་སྤྲོད་རྒྱུ་རེད། དེ་ནི་ང་ཚོས་ནེའུ་ཙི་ལན་དུ་བསྐྲུན་པའི་སྔོ་ཚལ་དྲོད་ཁང་ཆེན་པོ་ཁག་གསུམ་པ་དེ་རེད”ཅེས་ཀུང་སིའི་ཏུང་ཧྲི་ཀྲང་ཝང་ཧྲོའུ་པོ་ཡིས་ངོ་སྤྲོད་བྱས། མིག་སྔའི་བར་ཀུང་སིས་ཨུ་ཟ་བྷེ་ཁི་སི་ཐན་དང་ཀི་ནེ་ཡ་སོགས་རྒྱལ་ཁབ་40ལྷག་ཙམ་དུ་དྲོད་ཁང་ཆེན་པོ་272བསྐྲུན་ཡོད།
ཝང་ཧྲོའུ་པོས་གསར་འགོད་པར། 2017ལོ་ནས་བཟུང་། ཀུང་སིས་རྒྱལ་ཁབ་མི་འདྲ་བའི་གནམ་གཤིས་ཁྱད་ཆོས་ལ་དམིགས་ནས་དྲོད་ཁང་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱས་པ་དང་། ཧྲོའུ་ཀོང་དུ“འཛམ་གླིང་གི་དྲོད་ཁང་ཚོད་ལྟ་ཁང་ཆུང་ངུ”20ལྷག་ཙམ་བཙུགས་ནས་ཨ་རབ་ཕྱེད་གླིང་གི་བྱེ་ས་དང་ཨུ་རུ་སུའི་གངས་ཐང་སོགས་ཀྱི་གནམ་གཤིས་ལ་ལད་ཟློས་ཀྱིས་རྣམ་གྲངས་ཚང་མ་དོན་འཁྱོལ་མ་བྱས་གོང་གནད་ལ་འཁེལ་བའི“སྔོན་སྦྱོང”བྱེད་པར་འགན་ལེན་བྱས་ཡོད། རྣམ་གྲངས་དེ་དག་ས་གནས་དེ་གར་སྤྱོད་འགོ་ཚུགས་པར་ཕན་འབྲས་ཧ་ཅང་ཡག་པོ་ཐོན་པ་ལག་ལེན་ལས་ར་འཕྲོད་བྱུང་ཡོད་ཅེས་བརྗོད།
ཀྲེ་ཅང་ཕྱོགས་བཞི་ཚོགས་པ་ཚད་ཡོད་ཀུང་སིས།
“འཕྲུལ་ཆས་ཆུང་ཆུང”དགེ་མཚན་དུ་་བརྩིས་ནས་ཀྲུང་གོས་བཟོས་པའི་ཞིང་འཕྲུལ་ཡོ་བྱད་ཕྱི་རྒྱལ་དུ་བཙོངས་པ།
ཀྲེ་ཅང་ཅིན་ཧྭ་ཡི་ཀྲེ་ཅང་ཕྱོགས་བཞི་ཚོགས་པ་ཚད་ཡོད་ཀུང་སིའི་སྒྲིག་སྦྱོར་འཁོར་ཁང་དུ་ཐོན་སྐྱེད་ཀྱི་ལས་བྲེལ་ཆེན་པོ་ཡོད་ཅིང་། “བཟོ་ཞིང་-12”རྟགས་ཅན་གྱི་ལག་སྐྱོར་འདྲུད་འཐེན་འཕྲུལ་འཁོར་ཞིག་བཟོ་སྐྲུན་བྱས་ཟིན་ལ། སྙོམ་སྒྲིག་ལེགས་གྲུབ་བྱས་རྗེས་དོས་སྒམ་ནང་བླུགས་ཏེ་བྷང་ག་ལར་དབོར་རྒྱུ་ཡིན་པ་རེད།
ཁེ་ལས་དེས་ཐོན་སྐྱེད་བྱས་པའི་ལག་སྐྱོར་འདྲུད་འཐེན་འཕྲུལ་འཁོར་སོགས་ཞིང་ལས་འཕྲུལ་ཆས་ཆུང་གྲས་ལ་ཕྱི་རྒྱལ་གྱི་ཁྲོམ་ར་དང་། ལྷག་པར་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་ཞིང་དུད་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། “མཉམ་སྐྲུན་རྒྱལ་ཁབ་མང་པོ་ཞིག་གི་ཞིང་ལས་ཐོན་སྐྱེད་ནི་སྔར་བཞིན་སྒེར་གྱི་ཞིང་དུད་གཙོ་བོར་ཡིན་པས། ཕྱི་རྒྱལ་གྱི་ཁྲོམ་རའི་སྒོ་མོ་འབྱེད་འདོད་ན། ངེས་པར་དུ་ས་གནས་དེ་གའི་ཞིང་དུད་ཀྱི་སེམས་པ་ཐོབ་ཐབས་བྱེད་དགོས། “འཕྲུལ་ཆས་ཆུང་ཆུང”ནི་ཏག་ཏག་ང་ཚོའི་ཞིང་ལས་འཕྲུལ་ཆས་བཟོ་སྐྲུན་གྱི་དགེ་མཚན་ཞིག་རེད”ཅེས་ཀུང་སིའི་ཏུང་ཧྲི་ཀྲང་དང་སྤྱི་ཁྱབ་ཅིང་ལི་ཡུས་ཧྥུང་གིས་སྤོབས་པ་ཆེན་པོས་བརྗོད།
ཤིས་ཨན་ཨའེ་ཅུས་འབྲུ་སྣུམ་བཟོ་ལས་ཚོགས་པས།
རྣམ་པ་གསར་གཏོད་བྱས་ནས་ཀྲུང་གོ་དང་ཧ་སག་སི་ཐན་མི་དམངས་ལ“བདེ་སྐྱིད་ལྡན་པའི”འཚོ་བ་བཏོད་པ།
ཉེ་ཆར། ཧ་སག་སི་ཐན་པེ་ཧ་ཀྲོའུ་རུ་གཉེར་བའི་འགྲེམས་ཚོགས་ཐོག ཧྲའན་ཤིས་ཤིས་ཨན་ཨའེ་ཅུས་འབྲུ་སྣུམ་བཟོ་ལས་ཚོགས་པའི(གཤམ་ལ“ཨའེ་ཅུས་ཚོགས་པ”ཞེས་བསྡུ་རྒྱུ)ས་གནས་དེ་གའི་གྲོ་ཞིབ་ཅིག་བྲིན་ཁ་རྒྱུག་པོ་ཡོད་ཅིང་། ཀྲུང་གོ་ཤིས་ཨན་གྲུ་ཁའི་ལས་དོན་ཁུལ་ཨའེ་ཅུས་བདེ་ཐང་འཚོ་བ་ཉམས་ལེན་ཁང་དུ་ཧ་སག་སི་ཐན་གྱི་གྲོ་ཞིབ་ལས་བཟོས་པའི་ཐུག་པ་ཕོར་པ་མང་པོ་ཅོག་ཙེའི་སྟེང་དུ་བསྒྲིགས་ཡོད།
2015ལོའི་ཟླ་12པར། ཨའེ་ཅུས་ཚོགས་པས་པེ་ཧ་ཀྲོའུ་རུ་ཞིང་ལས་ཐོན་རྫས་ལས་སྣོན་ཟོག་འགྲེམས་གླིང་ཁུལ(གཤམ་དུ“ཨའེ་ཅུས་གླིང་ཁུལ”ཞེས་བསྡུ་རྒྱུ)བསྐྲུན་ཞིང་། འབྲུ་སྣུམ་ཐོན་སྐྱེད་ཉར་ཚགས་དང་། ཟས་རིགས་ལས་སྣོན། ནོར་ལུག་གསོ་སྤེལ་དང་ཚགས་ཤ་དང་ལུག་ཤ་ལས་སྣོན། གྲོང་གསེབ་ཡུལ་སྐོར། ཐོན་ལས་ལག་རྩལ་ཞབས་ཞུ། ཀྲུང་གོའི་ཚོང་ཟོག་འགྲེམས་ཚོང་ཁང་བཅས་ཁག་ཆེན་པོ་ལྔ་བཙུགས་པས། ཞིང་ལས་ཐོན་རྫས་ཀྱི་མཁོ་སྤྲོད་འཁོར་འབྲེལ་གྱི་ཞབས་ཞུའི་རྣམ་པ་ཆ་ཚང་ཞིག་གྲུབ་ཡོད། མིག་སྔར་ཚོགས་པའི་ལས་སྒོ་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་མང་པོ་དང་ཨུ་རུ་སུ་སོགས་ཀྱི་ཁྲོམ་རར་རིམ་བཞིན་ཁྱབ་ནས་ཞིང་ལས་རྒྱལ་སྒྲོལ་མཉམ་ལས་ཀྱི་དཔེ་སྟོན་ཁེ་ལས་ཤིག་ཏུ་གྱུར་ཡོད།
ཨའེ་ཅུས་ཚོགས་པས་ཀྲུང་ཡོའི་དུས་གཏན་མེ་འཁོར“ཁྲང་ཨན་རྟགས་ཅན”བརྒྱུད། ཧ་སག་སི་ཐན་གྱི་སྤུས་ལེགས་གྲོ་དང་བཟའ་སྣུམ་རྒྱལ་ནང་དུ་དབོར་འདྲེན་བྱས་ཏེ་ཀྲུང་གོ་དང་ཧ་སག་སི་ཐན་གྱི་ཚོང་དོན་འགྲོ་འོང་ལ་སྐུལ་མ་ནུས་ལྡན་བཏང་བས། ས་གནས་དེ་གའི་ཞིང་པའི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་ཐུབ་ཡོད།
ཧ་སག་སི་ཐན་གྱི་ལས་བཟོའི་བུ་ཕྲུག་ཕྱི་རྒྱལ་དུ་སློབ་སྦྱོང་ལ་སྐྱོད་པར་རྒྱབ་སྐྱོར་གྱི་འཆར་གཞི་བཟོས་པ་དང་། ཀྲུང་གོར་སློབ་སྦྱོང་ལ་ཡོང་མཁན་ཧ་སག་སི་ཐན་གྱི་གཞོན་ནུར་གཟའ་མཇུག་དང་། དུས་ཆེན་དང་གུང་གསེང་རིང་ཚོགས་པར་ལས་ཀ་བཀོད་སྒྲིག་དང་། འདུན་པ་ཡོད་པའི་ཧ་སག་སི་ཐན་གྱི་གཞོན་ནུ་ཚོར་རྩལ་ནུས་གསོ་སྦྱོང་སོགས་ཨའེ་ཅུས་ཚོགས་པས་ཁེ་ལས་ཀྱི་འགན་འཁྲི་ཧུར་ཐག་ཁུར་ནས་ས་གནས་དེ་གའི་ཁྲོམ་རར་རྩ་བ་དེ་བས་ལེགས་པ་ཚུགས་པར་བྱས་ཡོད།
ས་སེར་མཐོ་སྒང་ནས་ཨེ་ཤེ་ཡ་དབུས་མའི་རྩྭ་ཐང་བར། ཧ་སག་སི་ཐན་གྱི་ཞིང་ལས་ཐོན་རྫས་ཀྲུང་གོའི་ཁྱིམ་ཚང་ཁྲི་སྟོང་མང་པོས་ལོངས་སུ་སྤྱོད་བཞིན་ཡོད་པ་དང་། ཀྲུང་གོའི་ལག་རྩལ་ཡང་ཨེ་ཤེ་ཡ་དབུས་མའི་ཞིང་ནང་དུ་རྩ་བ་ཚུགས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ཞིང་ལས་མཉམ་ལས་ཀྱིས་དུས་རབས་གསར་པའི“ལོ་ལེགས་ཀྱི་རོལ་དབྱངས”རྩོམ་བཞིན་ཡོད།