“སུམ་རྩེན་སློབ་ཚན”ཧང་ག་རིའི་པུའུ་ཏ་ཕེ་སིར་ཚོགས་འགོ་ཚུགས་པ།
ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་གཞུང་ལས་ཁང་དང་། ཧང་ག་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་། ཧང་ག་རིའི་ཚན་རིག་ཁང་བཅས་ཀྱིས་ཐུན་མོང་ཐོག་གཉེར་བའི་གནམ་ས་གླེང་མོལ་གྱི་ཚན་རིག་ཁྱབ་གདལ་བྱེད་སྒོ་ཆེ་གྲས་ཏེ། “སུམ་རྩེན་སློབ་ཚན”ཞེས་པ་ཉིན་ཤས་གོང་ཧང་ག་རིའི་རྒྱལ་ས་པུའུ་ཏ་ཕེ་སིར་སྤེལ་བར་ཀྲུང་གོ་དང་ཧང་ག་རིའི་འཐུས་མི་300ཙམ་ཞུགས་པ་རེད།
ཧང་ག་རི་ཚན་རིག་ཁང་གི་ལོ་བརྒྱའི་རྟེན་འབྲེལ་ཚོམས་ཆེན་དུ་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་འཁོར་ལམ་དུ་ཡོད་པའི་མཁའ་སྐྱོད་པ་དང་དེ་བཞིན་ལྷ་གྲུ་རྟགས་ཅན་ཉི་ཤུ་པའི་མཁའ་སྐྱོད་པ་ཁྲེན་ཏུང་དང་། ཁྲེན་ཀྲུང་རུའེ། ཝང་ཅེ་བཅས་ཀྱིས་སྔ་སྣུར་དུ་ཕབ་ལེན་བྱས་པའི་བརྙན་ལམ་བརྒྱུད། ཧང་ག་རིའི་གཞོན་ནུ་ལོ་ཆུང་ལ་རྣམ་པ་གསར་རྐྱང་གི་བར་སྣང་ཚན་རིག་ཁྱབ་གདལ་སློབ་ཚན་ཁྲིད་པ་མ་ཟད། ཕྲུ་གུ་ཚོས་དོ་སྣང་བྱེད་པའི་ཚན་རིག་གི་གནད་དོན་ལ་ལན་བཏབ་པ་རེད། གནད་དོན་དེ་དག་གི་གྲས་སུ་བར་སྣང་དུ་གཉིད་ཇི་ལྟར་ཉལ་བ་དང་། བར་སྣང་ས་ཚིགས་ལ་བར་སྣང་གད་སྙིགས་ཀྱི་འཇིགས་པ་དང་གནོད་པ་ཡོད་མེད། བར་སྣང་དུ་ཡོད་པའི་མཁའ་སྐྱོད་པའི་སྒལ་རུས་ལ་ཚོར་བ་ཅི་འདྲ་ཡོད་པ་སོགས་ཚུད་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་ད་དུང་འཇིག་རྟེན་འཕུར་སྐྱོད་པ་ལིའུ་དབྱང་དང་། ཀུའེ་ཧའེ་ཁྲའོ། ཀྲུའུ་དབྱང་ཀྲུའུ་བཅས་ཀྱིས་ཀྲུང་གོའི་བར་སྣང་ས་ཚིགས་སུ་ཚན་རིག་ཚོད་ལྟ་བྱས་པའི་བརྙན་ཐུང་བསྟན་ཏེ། སློབ་གྲོགས་ཚོར་ལྗིད་ཤུགས་ཆུང་ངུའི་རྣམ་པའི་འོག་ཆུ་ཐིགས་ཇི་ལྟར་འགུལ་ཚུལ་དང་། དེ་བཞིན་བར་སྣང་ས་ཚིགས་སུ་ཆུ་ཐིགས་ཀྱི་ཕིང་ཕང་སྤོ་ལོ་རྒྱག་སྟངས་ཞིབ་པར་བསྟན་པ་རེད།