རང་རྒྱལ་གྱི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་20ལྷག་ཙམ་ཟིན་པ།
དུས་མཚུངས་ལས་58%འཕར་བ།
ཉེ་ཆར། གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་བ་4པའི་ཟླ་མཇུག་བར། རང་རྒྱལ་གྱི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་20ལྷག་ཙམ་ཟིན་ནས་ཆན་ཝ་དུང་ཕྱུར་20.17ཟིན་པ་དེ་འབྲི་ཆུའི་འགག་གསུམ་གློག་ཁང་90ཡི་སྤྱིའི་གློག་འདོན་ཚད་དང་ཧ་ལམ་མཚུངས་པ་དང་། དེ་དུས་མཚུངས་ལས་58%འཕར་ཡོད། དེའི་ནང་རླུང་གློག་དང་འོད་གློག་བསྡོམས་པའི་གློག་འདོན་ཚད་ཆན་ཝ་དུང་ཕྱུར་15.3ཟིན་པ་དེ་མེ་ཤུགས་གློག་འདོན་ཚད་ལས་བརྒལ་ཡོད། 2024ལོར་རང་རྒྱལ་གྱི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་འདོན་ཚད་ཆན་ཝ་དུང་ཕྱུར་3.73འཕར་ནས་ལོ་གཉིས་བསྟུད་མར་ཆན་ཝ་དུང་ཕྱུར་3ལས་བརྒལ་བ་དང་། གོ་ལ་ཧྲིལ་པོར་གློག་འདོན་ཚད་འཕར་བ་དེས་50%བཟུང་གི་ཡོད།
ནུས་རྒྱུ་གསར་པའི་གློག་འདོན་ལ་སྐབས་བསྟུན་རང་བཞིན་དང་། གཏན་འཁེལ་མེད་པའི་རང་བཞིན། བར་མཚམས་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་པ་དང་། དེས་གློག་དྲ་འཛད་སྤྱོད་ལ་འགྲན་སློང་ངེས་ཅན་ཞིག་འཕྲད་ཀྱི་ཡོད། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུང་ཧུང་ཁུན་གྱིས། ཉེ་བའི་ལོ་ཤས་རིང་གི་གྲངས་གཞིར་བལྟས་ན། རང་རྒྱལ་གྱི་རླུང་གློག་དང་འོད་གློག་གི་སྤྱི་ཡོངས་ཀྱི་འཛད་སྤྱོད་ཆུ་ཚད་མཐོ་ཙམ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་བརྗོད་པ་རེད།
གློག་ཤུགས་མ་ལག་གིས་ནུས་རྒྱུ་གསར་པ་འཛད་སྤྱོད་བྱེད་པའི་ནུས་པ་ཆེ་རུ་གཏོང་ཆེད། རང་རྒྱལ་གྱིས་གློག་དྲའི་མ་ལག་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ནས་ནུས་རྒྱུ་གཙང་མའི་རྟེན་གཞི་ཆེ་གྲས་དང་ཞིང་ཆེན་སྒྲོལ་བའི་གློང་གཏོང་ལས་གྲྭ་ཞིབ་དཔྱད་ཆོག་འཐུས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། མ་ལག་གི་སྙོམས་སྒྲིག་བྱེད་ནུས་ཆེ་རུ་གཏོང་བར་སྐུལ་འདེད་ནུས་ལྡན་བཏང་སྟེ་ཞིང་ཆེན་དབར་གསབ་རེས་དང་ཐོན་ཁུངས་མཉམ་སྤྱོད་ཀྱི་ནུས་པ་ཆེ་རུ་གཏོང་བ། གློག་སྒྱུར་དྲ་རྒྱའི་ཕྱོགས་བསྡུས་ཐེག་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་བརྟན་ལ་བབ་བསྟུན་གྱི་གློག་དྲའི་སྒྲོམ་གཞི་གཏོད་པ་དང་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། གློག་དྲ་བཀོད་གཏོང་འཁོར་སྐྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཡོད།