དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གསའ་རང་བྱུང་ཁམས་སུ་གློད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-11

    འདི་ནི་དབུས་བྱང་གྲོང་ཚོའི་ཆུ་ཚན་དོ་དམ་ས་ཚིགས་ཀྱི་རི་དྭགས་ལྟ་སྲུང་བས་གསའ་གློད་བཞིན་པ།

    ཟླ་5ཚེས་9ཉིན་གྱི་ཞོགས་པར་མངའ་རིས་ས་ཁུལ་རུ་ཐོག་རྫོང་དབུས་བྱང་གྲོང་ཚོའི་ཆུ་ཚན་དོ་དམ་ས་ཚིགས་ཀྱི་འགོ་འཛིན་ལོ་ལེགས་གཡང་རྒྱལ་ལ“ལྷས་རའི་ནང་གསའ་གཉིས་འཛུལ་འདུག ང་ཚོ་དེའི་འཁྲིས་ལ་འགྲོ་ནུས་ཀྱི་མི་འདུག”ཅེས་པའི་མང་ཚོགས་ཀྱི་རོགས་སྐྱོབ་ཁ་པར་ཞིག་འབྱོར།

    རོགས་སྐྱོབ་ཁ་པར་འབྱོར་རྗེས། ལོ་ལེགས་གཡང་རྒྱལ་གྱིས་འཕྲལ་མར་རི་སྐྱེས་སྲོག་ཆགས་སྲུང་མཁན་སྒྲིག་འཛུགས་བྱས་པ་དང་་འགོག་སྲུང་རླུང་ཙེ་ཁྱེར་ནས་ས་གནས་ས་ཐོག་ཏུ་བསྐྱོད་ཡོད། འབྲོག་པ་མང་ཚོགས་ཀྱི་ཕྱོགས་ནས་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་རྗེས། ལོ་ལེགས་གཡང་རྒྱལ་སོགས་ཀྱིས་འཕྲལ་མར་རོགས་སྐྱོབ་ཇུས་གཞི་བཟོས་ནས་གསའ་འཛིན་རྩིས་བྱས་ཤིང་། ཆུ་ཚོད་འགར་འབད་བརྩོན་བྱས་པ་བརྒྱུད། མཐར་གསའ་བདེ་བླག་ངང་བཟུང་བ་རེད།

    ཆེད་ལས་མི་སྣས་བརྟག་དཔྱད་བྱས་པ་བརྒྱུད། གསའ་ལ་རྨས་སྐྱོན་གང་ཡང་བྱུང་མེད་པས་རང་བྱུང་ཁམས་སུ་གློད་པའི་ཆ་རྐྱེན་འཛོམས་ཡོད།

    “ལོ་ལྟར་ང་ཚོའི་མཚེར་སར་གསའ་འཛུལ་ཡོང་གི་ཡོད། རང་བྱུང་ཁམས་སུ་གློད་པའི་ཆ་རྐྱེན་འཛོམས་རིགས་ང་ཚོས་ཐད་ཀར་མི་མེད་ཁུལ་དུ་གློད་པ་དང་། རྨས་སྐྱོན་ཅུང་ཡོད་རིགས་ལ་ང་ཚོས་ལྟ་ཞིབ་དང་ལྟ་སྐྱོང་བྱས་ནས་མཐར་ཡག་པོར་དྲག་རྗེས་གཞི་ནས་རང་བྱུང་ཁམས་སུ་གློད་ཀྱི་ཡོད། གསའ་ཐེངས་ག་ཚོད་རང་བྱུང་ཁམས་སུ་གློད་པ་ང་ཚོར་ཡང་གསལ་པོ་ཤོད་རྒྱུ་མི་འདུག”ཅེས་ལོ་ལེགས་གཡང་རྒྱལ་གྱིས་བརྗོད།

    ཉེ་བའི་ལོ་ཤས་རིང་། དབུས་བྱང་གྲོང་ཚོའི་ཆུ་ཚན་དོ་དམ་ས་ཚིགས་ཀྱིས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་སྐོར་སྲུང་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་འཚོལ་སྲུང་ལྟ་ཞིབ་ཚད་ལེན་གྱི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ། གཙོད་དང་གནའ་བ་སོགས་རི་སྐྱེས་སྲོག་ཆགས་100ལྷག་ཙམ་བསྐྱབས་པའི་ཁྲོད་གསའ་30ལྷག་ཙམ་རང་བྱུང་ཁམས་སུ་གློད་པ་དང་། མི་མེད་ཁུལ་དུ་བསྐྱོད་ནས་སྲུང་སྐྱོབ་དང་སྐོར་གཡེང་ཐེངས་1000ལྷག་ཙམ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།