ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་ཀྱི་མཛེས་རིས་གསར་པ་བཀོད།
—— མངའ་རིས་ས་ཁུལ་མཚོ་ཆེན་རྫོང་མཚེ་རི་ཤང་སྟོབས་ཆེན་གྲོང་ཚོའི་མཐོང་ཐོས།
སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པའི་འཕེལ་རྒྱས་གསར་པ་བྱུང་ཞིང་། ཁོར་ཡུག་སྲུང་སྐྱོང་སྔར་ལས་ཆེད་ལས་དང་ནུས་ལྡན། ལེགས་པ་བཅས་བྱུང་ནས་ཡུལ་སྲོལ་ཡ་རབས་དང་། ཁོར་ཡུག་མཛེས་མཐུན། སྐྱེ་ཁམས་བཟང་བ་བཅས་ཀྱི་དམིགས་ཚད་གཞི་རྩའི་ཆར་མངོན་འགྱུར་བྱུང་ཡོད། ལོ་མཇུག་དང་ལོ་འགོར་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་མཚེ་རི་ཤང་སྟོབས་ཆེན་གྲོང་ཚོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལས་ཀའི་གྲུབ་འབྲས་ལ་ཕྱིར་མིག་བལྟས་ཚེ། བསྔགས་བརྗོད་བྱེད་རིན་ཡོད་པའི་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ཡོད།
ཧང་སངས་དགོས་པའི་གྲུབ་འབྲས་དག་ནི་སྟོབས་ཆེན་གྲོང་ཚོས་གསར་བརྗེའི་ཕྱོགས་སྟོན་དང་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་མཐའ་འཁྱོངས་ཀྱི་གོམ་སྟབས་བརྟན་པོ་སྤོས་པ་ལས་བྱུང་བ་ཞིག་རེད། ཉེ་བའི་ལོ་ཤས་རིང་སྟོབས་ཆེན་གྲོང་ཚོས“འབུར་ཐོན་གསུམ་དང་མཐོར་འདེགས་གསུམ་གྱི་འདུ་འགོད”ལས་ཀའི་བྱ་ཐབས་འཚོལ་ཞིབ་དང་བཀོལ་སྤྱོད་བྱས་ཏེ། གྲོང་གསེབ་དར་རྒྱས་དང་སྐྱེ་ཁམས་དར་རྒྱས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་བཏོད་པའི་ཁྲོད་གདོང་ལེན་བརྩོན་ལེན་བྱས་ནས་གྲོང་ཚོ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གཏིང་ཟབ་དང་ཏན་ཏིག་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས། གྲོང་ཚོ་གཙང་བ་དང་དམངས་སྲོལ་ཡ་རབས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།
ཉེ་ཆར་གསར་འགོད་པ་སྟོབས་ཆེན་གྲོང་ཚོའི་བྱེད་སྒོའི་ལྟེ་གནས་སུ་སྐྱོད་སྐབས་ཏང་ཡོན་བཅུ་གྲངས་མཉམ་དུ་འཛོམས་ནས་གྲོས་བསྡུར་འཁྲུག་པོ་བྱེད་བཞིན་ཡོད་པ་མཐོང་བྱུང་།
ཚོགས་འདུའི་ཐོག་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་གིས་ཏང་ཡོན་མི་རེ་ངོ་རེའི་གཏམ་བཤད་ཀྱི་ནང་དོན་ཟིན་བྲིས་ཞིབ་ཕྲ་བརྒྱབ་པ་མ་ཟད། རེ་རེ་བཞིན་རིགས་དབྱེ་ལེགས་སྒྲིག་བྱེད་བཞིན་ཡོད་ཅིང་། ཁོང་གིས“གོམ་སྟབས་རྗེས་མར་ང་ཚོས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ་མང་ཚོགས་དེ་བས་མང་བ་སྐྱེ་ཁམས་སྲུང་སྐྱོང་ཁྲོད་ཞུགས་རྒྱུར་སྐུལ་ཁྲིད་བྱེད་དགོས”ཞེས་བཤད། འདས་ཟིན་པའི་ལོ་གཅིག་ནང་སྟོབས་ཆེན་གྲོང་ཚོས་ཏང་སྤྱི་ཁྱབ་ཀྲི་པུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི“གྲོས་གཞི་དང་པོའི”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དུས་ཐོག་ཏུ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། ཏང་ཡོན་གྱིས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་པར་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད།
དེ་དང་ཆབས་ཅིག་སྟོབས་ཆེན་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་གྲོང་སྡོད་ལས་དོན་རུ་ཁག་དང་མཉམ་འབྲེལ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དྲིལ་བསྒྲགས་རྒྱུན་མཐུད་དང་གཏིང་ཟབ་བྱས་ཏེ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ནང་དོན་ལ་དམིགས་ནས་སྒྲོག་འགྲེལ་བྱས་ཡོད། གྲོང་བབ་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འཚོ་བའི་གད་སྙིགས་རིགས་དབྱེ་དང་བདེ་འཇགས་གཙང་སེལ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་མེ་ཟོན། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་དང་། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རིག་ཤེས་བྱ་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ཤེས་བྱའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད།
ལོ་གཅིག་རིང་སྟོབས་ཆེན་གྲོང་ཚོས་གཅིག་སྡུད་སློབ་སྦྱོང་དང་། སྦྲ་གུར་སྒྲོག་འགྲེལ། དམངས་སྲོལ་བྱེད་སྒོར་སྒྲོག་འགྲེལ། དྲ་ཐོག་སློབ་སྦྱོང་སོགས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཏང་ཡོན་ཡོངས་དང་རྒྱ་ཆེའི་གྲོང་མི་རྣམས་ལ་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་དང་ཚན་རིག་ཤེས་བྱ་སོགས་ཁྱོན་ཐེངས་50ལྷག་ཙམ་སྒྲོག་འགྲེལ་དང་། གྲོང་གསེབ་དར་རྒྱས་སྲ་བརྟན་དང་མཐོར་འདེགས་རྣམ་གྲངས་ཀྱི་ཨར་ལས་རུ་ཁག་ལ་རྩྭ་ཐང་སྲུང་སྐྱོང་དང་སྐྱེ་ཁམས་སླར་གསོའི་ཤེས་བྱ་ཐེངས་10ལྷག་ཙམ་སྒྲོག་འགྲེལ་བྱས་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་དེབ་160ལྷག་ཙམ་སྤྲད་པ་རེད།
ཏང་ཡོན་རྒན་གྲས་ཀྱི་སྣེ་ཁྲིད་འོག ཏང་ཡོན་གཞན་དག་ཚོའི་ངར་ཤུགས་ཆེན་པོ་འཕེལ་ཞིང་། ལ་ལས་ལྕགས་ཁྱེམ་གྱིས་ལམ་འགྲམ་གྱི་རྩྭ་ངན་བཀོག་པ་དང་ལ་ལས་ཐེར་ཆུང་དྲུད་ནས་གད་སྙིགས་དབོར་བཞིན་དུ་མི་ཚང་མའི་ངོ་གདོང་ལས་བློ་རྩེ་གཅིག་སྒྲིམ་གྱི་སྤྲོ་སེམས་རབ་ཏུ་མངོན། ན་གཞོན་ཏང་ཡོན་དགྲ་འདུལ་མ་གཞི་རྔུལ་ཆུས་བརླན་རུང་། ཁོང་གིས་འཛུམ་དམུལ་དམུལ་ངང“སྔོན་ཆད་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ནི་ཐ་སྙད་ཆེན་པོ་ཞིག་ཡིན་པར་སྙམ་གྱི་ཡོད། ད་ལྟ་དངོས་སུ་དེའི་ནང་ཞུགས་སྐབས་ཉེ་འཁོར་གྱི་དོན་དག་ཆུང་ཆུང་ནས་འགོ་བཙུགས་ན་འགྱུར་ལྡོག་ཆེན་པོ་ཡོང་ཐུབ་པ་གཞི་ནས་ཤེས་བྱུང་། ང་ཚོས་མུ་མཐུད་གྲོང་ཚོ་མཛེས་སྡུག་ལྡན་པར་བྱེད་དགོས”ཞེས་བཤད།
སྟོབས་ཆེན་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་གྲོང་ཚོ་ཡོངས་འཕེལ་རྒྱས་ཀྱི་ཆ་ཤས་གལ་ཆེན་ཞིག་ཏུ་བརྩིས་ཏེ《སྟོབས་ཆེན་གྲོང་ཚོའི་སྐྱེ་ཁམས་ལས་ཐོག་མི་སྣའི་འགན་འཁྲི》རྒྱུན་ཆད་མེད་པར་ཞིབ་ཚགས་སུ་བཏང་ནས་རྩྭ་ཐང་ལྟ་སྐུལ་དང་ཁོར་ཡུག་གཙང་སྦྲ་སོགས་སྐྱེ་ཁམས་ལས་གནས་རིགས་བདུན་གྱི་འགན་སྒྲུབ་བླང་བྱ་འཐུས་སྒོ་ཚང་དུ་བཏང་ཡོད། དེ་དང་ཆབས་ཅིག་བཟོ་བཅོས་བརྒྱབ་པའི་གྲོང་སྲོལ་དམངས་ཆིངས་ནང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དོན་ཚན་བཅུག་ནས་འཕྲོད་བསྟེན་གཙང་སྦྲ་དང་རྩྭ་ར་སྲུང་སྐྱོང་སོགས་ཀྱི་ཐད་གཏན་འབེབས་ཞིབ་ཕྲ་བྱས་ཡོད། 《སྟོབས་ཆེན་གྲོང་ཚོའི་ཁོར་ཡུག་བཅོས་སྒྲིག་ཇུས་གཞི》བཟོས་ནས་འགན་འཁྲི་ཁག་བགོས་གསལ་པོ་བྱས་ཤིང་། གྲོང་ཚོའི“ཨུ་ལྷན་གཉིས”དང་ཏང་ཀྲི་པུའི་ཧྲུའུ་ཅི་གསུམ་གྱིས་དུས་བཀག་ལྟར་རུ་སྣེ་ཁྲིད་ནས་ཁང་པའི་རྒྱབ་མདུན་དང་། བགྲོད་ལམ་གྱི་གཞོགས་གཉིས་སོགས་ས་ཁོངས་སུ་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་བྱས་ནས་དུས་ཐོག་ཏུ་ཁོར་ཡུག་གི་གནད་དོན་དག་ཐེར་བྱས་ཡོད།
“གྲོང་ཚོའི་ཁོར་ཡུག་ལེགས་སུ་ཕྱིན་པས་ང་ཚོའི་འཚོ་བ་ཡང་དེ་བས་སྐྱིད་སྣང་དོད་ཏུ་ཕྱིན་སོང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་ང་ཚོ་ཚང་མར་འགན་འཁྲི་ཡོད”ཅེས་སྟོབས་ཆེན་གྲོང་ཚོའི་གྲོང་མི་ཐར་པས་བཤད། སྟོབས་ཆེན་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡི་སྣེ་ཁྲིད་འོག གྲོང་མི་ཡོངས་ཀྱིས་རང་རྟོགས་ངང་ཐོན་སྐྱེད་དང་འཚོ་བའི་ཁྲོད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཀྱི་ཡོད། ཚང་མས་རང་རྟོགས་ངང་འཚོ་བའི་གད་སྙིགས་གཙང་སེལ་དང་དབོར་འདྲེན་བྱས་ཏེ་གྲོང་སྲོལ་དམངས་ཆིངས་དོན་འཁྱོལ་ལ་ཕན་ཚུན་ལྟ་སྐུལ་བྱེད་ཀྱི་ཡོད།
ད་ཆའི་སྟོབས་ཆེན་གྲོང་ཚོར་སྐྱེ་ཁམས་འཚོ་སྡོད་རུང་བའི་མཛེས་སྡུག་ལྡན་པའི་མཛེས་རིས་གསར་པ་ཞིག་རིམ་བཞིན་འགོད་བཞིན་མཆིས།