དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་རྨོག་ཤོད་ཤང་གིས་རྒུན་འབྲུམ་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ།

    རྒུན་འབྲུམ་བཏབ་ནས་འཚོ་བ་གསར་པ་གཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-11

    ཉེ་བའི་ལོ་ཤས་རིང་། གནས་འདིའི་ཡུལ་མིས་རང་བྱུང་ཁམས་ཀྱི་ལེགས་ཆ་དང་གནམ་གཤིས་ཀྱི་ཆ་རྐྱེན་ལ་བརྟེན་ནས་རྒུན་འབྲུམ་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། འབྲས་བུ་ཆུང་ཆུང་དེ“ཞིམ་མངར་དཔལ་འབྱོར”ལ་གྱུར་ནས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཡོད།

    “རྨོག་ཤོད་ཤང་གི་ས་བབ་ལ་སྨི་2300ཡས་མས་ཡོད་པ་དང་སྐམ་ཞིང་ཚ་བའི་ལུང་གཞུང་གི་ཁོངས་སུ་གཏོགས། རྒུན་འབྲུམ་འདེབས་འཛུཌ་ཐོན་ལས་ནི་ང་ཚོའི་ཤང་གི་ཁྱད་ལྡན་ཐོན་ལས་ཡིན་པས། མིག་སྔར་གཞི་ཁྱོན་ངེས་ཅན་ཞིག་ཆགས་ཡོད། ཤང་ཡོངས་ཀྱི་རྒུན་འབྲུམ་འདེབས་འཛུགས་རྒྱ་ཁྱོན་མུའུ་1002.49དང་ལོ་རེའི་ཐོན་འབབ་ཏུན་430ཟིན་གྱི་ཡོད། དེའི་ནང་ཨ་གདོང་གྲོང་ཚོའི་རྒུན་འབྲུམ་ལོ་ལྟར་ཆུ་ཚན་ཁ་1865ཨ་རག་གཞིས་ཀས་གནས་གཏན་འཁེལ་ངང་ཉོ་སྒྲུབ་བྱས་པས་དུད་ཚང་ཚང་མར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་འཕར་བ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་1300ལྷག་ཙམ་འཕར་བར་སྐུལ་ཁྲིད་ཐུབ་ཡོད”ཅེས་རྨོག་ཤོད་ཤང་གི་ཤང་ཀྲང་བཀྲ་ཤིས་ཉི་མས་ངོ་སྤྲོད་བྱས།

    2010ལོར། ཨ་གདོང་གྲོང་ཚོས་ཕན་འབྲས་ཐོན་མགྱོགས་པ་དང་ཁེ་བཟང་བརྟན་པོ་ཡོད་པའི་ཁྱད་ལྡན་འདེབས་འཛུགས་ཐོན་ལས་ཏེ“དམར་ཆུང་རྒུན་འབྲུམ”ཆང་བསྙལ་རྒུན་འབྲུམ་འཕེལ་རྒྱས་ཤུགས་ཆེན་གཏོང་འགོ་ཚུགས་པ་མ་ཟད། ཆུ་ཚན་ཁ་1865ཨ་རག་གཞིས་ཀ་དང་ཉོ་སྒྲུབ་གན་རྒྱ་བཞག་ནས་ཨ་རག་གཞིས་ཀ་དེའི་རྒྱུ་ཆ་མཁོ་སྤྲོད་རྟེན་གཞིར་གྱུར། གཉེར་སྐྱོང་བྱེད་སྟངས་དེས་ཡུལ་མི་བློ་བདེ་པོ་བྱུང་བ་དང་ཚང་མའི་རྒུན་འབྲུམ་འདེབས་འཛུགས་ཀྱི་ཧུར་བརྩོན་རང་བཞིན་ཆེས་ཆེར་འཕེལ་ཡོད།

    ས་ཆ་དེའི་རྨོ་འདེབས་མཁན་གྱི་གྲས་ཤིག་ཡིན་པའི་རྨོག་ཤོད་ཤང་ཨ་གདོང་གྲོང་ཚོའི་ཡུལ་མི་བཀྲ་བདེའི་ཁྱིམ་གྱིས་རྒུན་འབྲུམ་མུའུ་4.4བཏབ་ཡོད། ཁོང་གིས་གསར་འགོད་པར་2010ལོར་རྒུན་འབྲུམ་འདེབས་འཛུགས་བྱེད་འགོ་ཚུགས་པ་ནས་བཟུང་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་སོང་ཞེས་བཤད།

    “རྒུན་འབྲུམ་བཏབ་པའི་ཡོང་འབབ་དང་ས་ཞིང་བརྒྱུད་བཤུག་གི་ཡོང་འབབ་བསྣན་ན། ལོ་ལྟར་ངའི་ཁྱིམ་ལ་ཡོང་འབབ་སྒོར་ཁྲི་2.65ཟིན་གྱི་འདུག ལོ་ཤས་རིང་ང་ཚོའི་ཁྱིམ་གྱིས་ཁང་པ་གསར་པ་བརྒྱབ་པ་དང་རླངས་འཁོར་ཉོས་པས། འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་ཕྱིན་སོང”ཞེས་བཀྲ་བདེས་འཛུམ་དམུལ་དམུལ་ངང་བཤད།

    ཨ་གདོང་གྲོང་ཚོའི་རྒུན་འབྲུམ་འདེབས་འཛུགས་ཚན་རིག་དང་མཐུན་པའི་སྒོ་ནས་ཚད་ལྡན་དུ་གཏོང་ཆེད། ཆུ་ཚན་ཁ་1865ཨ་རག་གཞིས་ཀས་ཆེད་མངགས་རིགས་གཅིག་མཁས་ཅན་གྲོང་ཚོར་གདན་དྲངས་ནས་ལག་རྩལ་གསོ་སྦྱོང་བྱེད་ཀྱི་ཡོད། གསོ་སྦྱོང་དང་སློབ་སྦྱོང་བྱས་པ་བརྒྱུད་ཡུལ་མིས་འདེབས་འཛུགས་ལག་རྩལ་དེ་བས་མང་བ་ཁོང་དུ་ཆུད་པ་དང་རྒུན་འབྲུམ་གྱི་ཐོན་འབབ་འཕར་བ་དང་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

    བཀྲ་ཤིས་ཉི་མས། གོམ་སྟབས་རྗེས་མར་རྒུན་འབྲུམ་ཐོན་ལས་མུ་མཐུད་རྒྱ་སྟོབས་ཆེ་རུ་དང་སྤུས་ཚད་ལེགས་སུ་གཏོང་བ་དང་སྤུས་རྟགས་བཏོད་དེ་སོན་རིགས་གསར་པ་དང་ལག་རྩལ་གསར་པ་ནང་འདྲེན་བྱས་པ་བརྒྱུད། མི་དེ་བས་མང་བས་རྨོག་ཤོད་ཤང་གི་ཞིང་ལས་ཐོན་ཟོག་ཤེས་རྟོགས་ཐུབ་པ་དང་གྲོང་གསེབ་དཔལ་འབྱོར་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་བ་བྱེད་ཀྱི་ཡིན་ཞེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།