ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གོམ་སྟབས་མགྱོགས་སུ་བཏང་བ།
—— 2025ལོའི་ཟླ་བ་དང་པོ་ནས་བཞི་པའི་བར་གྱི་རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་འཕེལ་རྒྱས་ལ་ཕྱི་མིག་ལྟ་བ།
འདི་ནི་གཞིས་རྩེ་ནས་ཨེ་ཤེ་ཡ་ལྷོ་མར་སྐྱོད་མཁན་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་བླུགས་པའི་ད་ལོའི་དུས་གཏན་རླངས་འཁོར་ཐོག་མ་བདེ་བླག་ངང་འགག་སྒོ་སྒྲོལ་བཞིན་པ།
འདི་ནི་ལྷ་ས་འགག་སྒོའི་ཁོངས་གཏོགས་གཉའ་ནང་འགག་སྒོའི་ལས་དོན་པས་ཕྱིར་གཏོང་དངོས་ཟོག་ལ་ཞིབ་བཤེར་བྱེད་བཞིན་པ། (ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་པར་མཁོ་འདོན་བྱས)
ད་ལོ་ནས་བཟུང་། ལྷ་ས་འགག་སྒོས་སྲིད་ཇུས་ཀྱི“སྣ་འདུས་ཐབས་བཟང”སྔར་བས་ལེགས་སུ་དང་ལྟ་འདོམས་ཀྱི་འགན་ནུས་ལ་ཤུགས་སྣོན་བརྒྱབ་ནས། “འགྲོ་ལམ་སྦྲེལ་མཐུད་དང་། ཐོན་ལས་དར་སྤེལ། མཐའ་མཚམས་བརྟན་ལྷིང”བཅས་ཀྱི་ས་མཐོའི་སྒོ་དབྱེའི་མཐོ་ས་བསྐྲུན་རྒྱུར་རམ་འདེགས་བྱས་པར་བརྟེན། དུས་ཚིགས་དང་པོར་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་བརྟན་པོ་འཕར་བར་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ནས། ཟླ་རེའི་འཕེལ་ཕྱོགས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་མ་ཟད། ཕྱི་ཕྱོགས་ཚོང་དོན་གྱི་ལྡེམ་ཤུགས་དང་ནང་སྐྱེས་ཀྱི་སྒུལ་ཤུགས་ཀྱང་རིམ་གྱིས་ཆེ་རུ་ཕྱིན་ཡོད།
འགག་སྒོའི་བསྡོམས་རྩིས་ལྟར་ན། ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར། རང་ལྗོངས་ཀྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་30.01ཟིན་པ་དེ་དུས་མཚུངས་ལས་7.7%འཕར་ཞིང་། ཟླ་བ་4པར་རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་6.93ཟིན་ནས་13.9%འཕར་ཡོད།
ལྷ་ས་དང་གཞིས་རྩེས་མཉམ་ཤུགས་བཏོན་པ།
“སྒུལ་ཤུགས་ཉིས་བསྒྲིགས”ལ་བརྟེན་ནས་སྒོ་དབྱེའི་བགྲོད་ལམ་བསྐྲུན་པ།
ཟླ་བ་3པར། གཞིས་རྩེའི་མཐའ་འཁོར་གྱི་རི་རྩེའི་གངས་ད་དུང་ཡོངས་སུ་བཞུར་མེད་ཀྱང་། འགྲམ་འགག་སྒོའི་གང་སར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ནས་ཡོད། ནུས་རྒྱུ་གསར་པའི་རླངས་འཁོར་150བླུགས་པའི་ཨེ་ཤེ་ཡ་ལྷོ་མར་སྐྱོད་མཁན་དུས་གཏན་རླངས་འཁོར་ཁག་དང་པོ་འགག་སྒོའི་ཐང་ཆེན་དུ་གྲལ་བསྒྲིགས་ནས་ཡོད་ཅིང་། དེ་དག་འགྲམ་འགག་སྒོ་བརྒྱུད་ནེ་པ་ལར་དབོར་རྒྱུ་རེད། རླངས་འཁོར་དེ་དག་ལྷ་ས་འགག་སྒོས“སྐམ་སའི་གྲུ་ཁར་རེ་ཞུ་དང་། ཁོངས་གཏོགས་ཁུལ་གྱིས་ཞིབ་བཤེར། འགག་སྒོ་ནས་ཤར་གཏོང” བཅས་ཀྱི་ལྟ་འདོམས་བྱེད་ཐབས་སྤྱད་པ་བརྒྱུད། རེ་ཞུ་ནས་ཕྱིར་གཏོང་བར་གྱི་འགག་སྒོ་སྒྲོལ་བའི་བརྒྱུད་རིམ་ཧྲིལ་པོ་མངོན་འགྱུར་བྱུང་ཡོད།
བསྡོམས་རྩིས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་ཟླ་བ་དང་པོ་ནས་ཟླ་བ་བཞི་པའི་བར་ལྷ་ས་གྲོང་ཁྱེར་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་16.87ཟིན་པ་དེ་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་56.23%ཟིན་ཏེ་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། གཞིས་རྩེ་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་12.86ཟིན་པ་དེ་དུས་མཚུངས་ལས་42.1%འཕར་ཏེ་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་42.9%བཟུང་ཡོད། གྲོང་ཁྱེར་གཉིས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་བསྡོམས་འབོར་གྱིས་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་99.1%བཟུང་ནས། རང་ལྗོངས་ཀྱིས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་བགྲོད་ལམ་གལ་ཆེན་སྐྲུན་པར་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་ཡོད།
ནེ་པ་ལར་ཕྱིར་གཏོང་ནང་འདྲེན་བྱས་པ།
ཚོང་དོན་གྱི་རོགས་ཟླ་ཆེ་ཤོས་དབར་མཉམ་ལས་ཀྱི་བར་མཐོངས་གསར་པ་བཏོད་པ།
ནེ་པ་ལའི་ཀྲུང་ལུགས་སྨན་རྫས་དང་སྔོ་གཟན་སོགས་ཐོན་རྫས་སྤུས་ལེགས་ནང་འདྲེན་བྱེད་པར་སྐུལ་འདེད་གཏོང་ཆེད། ལྷ་ས་འགག་སྒོས་ནེ་པ་ལའི་སྤུས་ལེགས་ཐོན་ཁུངས་ལ་མུ་མཐུད་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། རིམས་ནད་བརྟག་བཤེར་ཆོག་འཐུས་ལ་སྐུལ་འདེད་གཏོང་བ་དང་། དངོས་སུ་ནང་འདྲེན་བྱེད་ཆོག་པའི་ཐོན་རྫས་ཀྱི་གསལ་ཐོ་བཟོ་བ། ཁེ་ལས་ཀྱིས་ཞོར་གཏོགས་ཆ་རྐྱེན་དང་གནས་བསྒྱུར་ཞིབ་བཤེར་སོགས་སྟབས་བདེ་ཅན་གྱི་བྱེད་ཐབས་སྤྱོད་པར་རོགས་རམ་བྱས་ཡོད། ཟླ་བ་དང་པོ་ནས་བཞི་པའི་བར། བོད་ལྗོངས་ཀྱི་འགག་སྒོ་བརྒྱུད་ནེ་པ་ལའི་ཀྲུང་ལུགས་སྨན་རྫས་ཏུན་37.44ནང་འདྲེན་བྱས་པ་དེ་དུས་མཚུངས་ལས་76.46%འཕར་ཡོད།
རང་ལྗོངས་ཀྱི་ཚོང་དོན་རོགས་ཟླ་གལ་ཆེ་ཤོས་ཡིན་པའི་ནེ་པ་ལ་ཡིས་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད་པ་གཤམ་གྱི་གྲངས་གཞི་ལས་མཐོང་ཐུབ་སྟེ། ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར། རང་ལྗོངས་ཀྱིས་ནེ་པ་ལར་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་13.1ཟིན་པ་དེ་དུས་མཚུངས་ལས་10.9%འཕར་བ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་། ཨ་རི། ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་བཅས་ལ་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་4.32དང་། སྒོར་དུང་ཕྱུར་2.44 སྒོར་དུང་ཕྱུར་2.17བཅས་སོ་སོར་ཟིན་ནས་དུས་མཚུངས་ལས་10.8% དང་། 117.6% 79.8%བཅས་སོ་སོར་འཕར་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་ཁབ་ལ་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་21.61ཟིན་པ་དེ་དུས་མཚུངས་ལས་7.1%འཕར་ཡོད། RCEPཁོངས་མིའི་རྒྱལ་ཁབ་གཞན་དག་ལ་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་7.72ཟིན་པ་དེ་དུས་མཚུངས་ལས་25.9%འཕར་ཡོད།
ཁེ་ལས་ལ་ཕན་པའི་བྱེད་ཐབས་ལག་ལེན་བསྟར་བ།
རྒྱལ་སྤྱིའི་ཁྲོམ་རར་ཁྱད་ལྡན་ཐོན་རྫས་ཁྱབ་གདལ་བཏང་བ།
བོད་ལྗོངས་ཧྲེང་ཤིན་བཟོ་ལས་ཚོང་དོན་ཚད་ཡོད་ཀུང་སི་ནི་ས་མཐོའི་བལ་དང་། ཁུ་ལུ། རྩིད་པ་བཅས་ཀྱི་ཐོན་རྫས་ཞིབ་བཟོ་དང་ས་མཐོའི་སྲོལ་རྒྱུན་འཁལ་འཐག་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་མཁན་གྱི་ཕྱོགས་བསྡུས་ཁེ་ལས་ཤིག་ཡིན་ཞིང་། ཕྱིར་གཏོང་ཚོང་ཟོག་གཙོ་བོ་རྒྱ་གར་དང་ནེ་པ་ལ་སོགས་རྒྱལ་ཁབ་ཏུ་འཚོང་བཞིན་ཡོད། བོད་ལྗོངས་ཧྲེང་ཤིན་བཟོ་ལས་ཚོང་དོན་ཚད་ཡོད་ཀུང་སིའི་ཕྱི་ཕྱོགས་ཚོང་དོན་གྱི་ཅིང་ལི་ཚེ་དབང་ནོར་བུས་གསར་འགོད་པར། “འགག་སྒོ་ལས་ཁུངས་ཀྱིས་ཀུང་སིའི་ཚོང་ཟོག་ཕྱིར་གཏོང་ལ་བརྒྱུད་རིམ་ཧྲིལ་པོའི་ཞབས་འདེགས་ཞུས་ནས་འགག་སྒོ་སྒྲོལ་ཡུན་ཐུང་དུ་བཏང་ཡོད”ཅེས་དང་། ཁོང་གིས། སྟབས་བདེ་དེ་དག་ནི་ལྷ་ས་འགག་སྒོས་ཁེ་ལས་ལ་ཕན་ཆེད་བཏོན་པའི་བྱེད་ཐབས་རབ་དང་རིམ་པ་ལས་བྱུང་བ་ཞིག་རེད་ཅེས་བརྗོད།
ད་ལོ་ཚུན་དུ། ལྷ་ས་འགག་སྒོས་རེས་སྐོར་གསར་པའི་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་རྒྱབ་སྐྱོར་བྱེད་ཐབས་ཁག་12ལག་ལེན་བསྟར་བ་དང་། དམངས་གཉེར་ཁེ་ལས་ཀྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། “ཁེ་ལས་རེ་ལ་ཐབས་ཇུས་རེ”བཏོན་ནས་ཕྱིར་གཏོང་ལ་ཕན་པའི་ཇུས་གཞི་ལེགས་ཤོས་གཏན་འཁེལ་བྱས་པར་མ་ཟད། ལག་བསྟར་བྱས་པའི་སྲིད་ཇུས་ཀྱི་ཕན་འབྲས་ལ་དུས་ཐོག་ཏུ་དཔྱད་དཔོག་བྱས་ནས་ཁེ་ལས་ཀྱི་ཚུར་ལན་ལྟར་ལེགས་སྒྲིག་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ཡོད། དེ་དང་ཆབས་ཅིག གཙོ་གནད་ཁེ་ལས་ཀྱི་མཛོད་འཛུགས་པ་དང་། ཡིད་རྟོན་ཆེ་རུ་གཏོང་བ། འགག་སྒོ་སྒྲོལ་བར་སྔོན་ཐོ་འགོད་པ་དང་རིམས་ནད་བརྟག་བཤེར་ལག་ཁྱེར་ལ་དྲ་ཐོག་ནས་ཞིབ་བཤེར་བྱེད་པ་སོགས་ཀྱི་ཞབས་འདེགས་ཞུས་ནས། དངོས་ཟོག་འདོན་འཇུག་དང་འགག་སྒོ་སྒྲོལ་བའི་བརྒྱུད་རིམ་སྟབས་བདེ་རུ་བཏང་སྟེ། ཁེ་ལས་ཀྱི་དུས་ཚོད་ལ་གྲོན་ཆུང་ཐུབ་པར་བྱས་་ཡོད།
ལྷ་ས་འགག་སྒོ་ཕྱོགས་བསྡུས་ལས་སྒོ་ཁྲུའུ་དང་པོའི་ཁྲུའུ་ཀྲང་བསྟན་འཛིན་གྱིས་ངོ་སྤྲོད་བྱས་པར། ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར། དམངས་གཉེར་ཁེ་ལས་ཀྱིས་བྱེད་པོའི་གནས་བབ་བརྟན་པོ་བཟུང་ནས་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་29.3ཟིན་པ་དེ་དུས་མཚུངས་ལས་7%འཕར་ཏེ། ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་97.6%བཟུང་ཡོད། གཞུང་ཁོངས་ཁེ་ལས་ཀྱིས་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་0.59ཟིན་པ་དེ་དུས་མཚུངས་ལས་112%འཕར་ཡོད།