ལོ་བཅུའི་རིང་འགྲམ་འགག་སྒོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་57.76ཟིན་པ།
ཉེ་ཆར། གསར་འགོད་པར་གཉའ་ནང་འགག་སྒོ་ནས་ཤེས་རྟོགས་བྱུང་བར། གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་འགྲམ་འགག་སྒོ་དེ་ཉིད་ལོ་བཅུའི་གོང་ནེ་པ་ལའི“4·25”ས་ཡོམ་ཆེན་པོའི་རྗེས་ཀྱི་འཕེལ་མེད་སོར་གནས་ཀྱི་རྣམ་པ་ནས་རིམ་བཞིན་ཕྱི་སྦྲེལ་ནང་ཁུལ་ཤར་གཏོང་གི་ཚོང་དོན་བགྲོད་ལམ་ཡག་ཤོས་སུ་སླར་གསོ་འཕེལ་རྒྱས་བྱུང་ཡོད། ལོ་བཅུའི་རིང་། ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་འབོར་ཚད་རིམ་རྩིས་བརྒྱབ་ན་ཏུན་ཁྲི་22.76ལ་ལྟ་འདོམས་བྱས་ཤིང་། ཚོང་དོན་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་57.76ཟིན་པ་དང་། རྒྱལ་མཚམས་བསྒྲལ་ནས་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི་57ལྷག་ཙམ་ཟིན་ཡོད་པ་རེད།
གཉའ་ནང་འགག་སྒོས“ཁུལ་དང་འགག་སྒོ་མཉམ་འགུལ་དང་། གྲུ་ཁ་དང་འགག་སྒོ་མཉམ་འགུལ”གྱི་ལྟ་འདོམས་བྱ་ཐབས་སྤྱད་དེ། ནུས་རྒྱུ་གསར་པའི་རླངས་འཁོར་བླུགས་པའི་ཨེ་ཤེ་ཡ་ལྷོ་མའི་དུས་གཏན་རླངས་འཁོར་ཁག་དང་པོ་རྒྱལ་མཚམས་ནས་ཕྱིར་གཏོང་བྱས་པ་དང་། 2025ལོའི་དུས་ཚིགས་དང་པོར་ལྟ་འདོམས་ཕྱིར་གཏོང་བྱས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་105.73%མང་དུ་ཕྱིན་ཡོད། “རིག་ལྡན་ཞིབ་བཤེར”དང“དྲ་ཐོག་བསྡོམས་རྩིས”ཀྱི་གསར་གཏོད་ཆུང་ངུའི་རྣམ་གྲངས་ལ་བརྟེན་ནས། རླངས་འཁོར་ལ་ཞིབ་བཤེར་དང་མཆན་སྤྲོད་བྱེད་ཚད་གནད་སྨིན་ཐུབ་པར་བྱས་པས། ད་ལོར་སོ་མ་རཱ་ཛཱ་ཁེ་2ཙམ་ཐོག་མར་རྩད་ཆོད་ཡོད། འགག་སྒོ་ཁུལ་གྱི“གནོད་ལྡན་སྐྱེ་དངོས་དང་ནང་འཛུལ་དངོས་རིགས་ལ་དབྱེ་འབྱེད་ཐོག་མར་བྱེད་པའི་དཔྱད་འདོམས་ཁང”དེ་ཉིད་སྤྱི་ཁྱབ་ཧྲུའུ་ཡི་ཞིབ་དཔྱད་དང་ལེན་བདེ་བླག་ཐུབ་པར་སྐུལ་འདེད་བཏང་ནས། ཧི་མ་ལ་ཡའི་མཐའ་འཁོར་གྱི་ལྷོ་ནུབ་ཀྱི་ས་བབ་དམའ་བའི་ས་ཁུལ་གྱི་རྒྱུན་མཐོང་ནད་བཤེར་རང་བཞིན་གྱི་གནོད་ལྡན་སྐྱེ་དངོས་རིགས་4ལ་དབྱེ་འབྱེད་གང་མགྱོགས་ཐུབ་པར་བྱས་པ་རེད།