དབུ་ཤོག
  • ལྷུ་ལག་བཅོས་སྒྲིག་བྱས་པའི་གློག་སྒུལ་སྦག་སྦག་ངོ་ཐག་གཅོད་པའི་ཐབས་ཤེས་འགའ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-11

    ལིས་གློག་རྫས་གསར་པ་བརྗེས་ན་གློག་ཡུན་རིང་པོ་འདང་ཐུབ། ཤུགས་ཚད་ཆེ་བའི་གློག་འཕྲུལ་ཞིག་བརྗེས་ན་ཤུགས་དེ་བས་ཆེ་བ་ཡོད། བསྡད་ས་འཐོལ་པ་བསྒར་ན་མི་ཐེག་ཚད་ལ་སེམས་ཁྲལ་བྱེད་མི་དགོས་ཞེས་པ་ལ་སོགས་ཕྱིར་འཚོང་དང་ཉམས་བཟོ་ཁང་ཁག་གཅིག་གིས་གློག་སྒུལ་སྦག་སྦག་གི“ལྷུ་ལག་བཅོས་སྒྲིག་བྱེད་ཆོག”ཅེས་དང“རིམ་པ་སྤར་ཆོག”ཅེས་བཤད་ནས་འཛད་སྤྱོད་པའི་ཡིད་དབང་འགུག་ཐབས་བྱེད་ཀྱི་ཡོད། བྱེད་སྤྱོད་དེ་དག་ནི་རང་ཉིད་ལ་ཕན་ཐོགས་ཡོད་པ་ལྟར་སྣང་མོད། འོན་ཀྱང་གློག་སྒུལ་སྦག་སྦག་གི་ལྷུ་ལག་གང་འདོད་དུ་བརྗེ་བ་དང་། དབང་ཆ་མ་ཐོབ་པ་དང་བདེ་འཇགས་གཤིས་ནུས་ལ་ཞིབ་དཔྱད་དང་ཁས་ལེན་དཔང་འདོན་མ་ཐོབ་པར་གློག་སྒུལ་སྦག་སྦག་གི་ལྷུ་ལག་ཁ་སྣོན་བརྒྱབ་པ་ཚང་མ་ཁྲིམས་དང་མི་མཐུན་པར་ལྷུ་ལག་བཅོས་སྒྲིག་བྱས་པའི་བྱེད་སྤྱོད་ཀྱི་ཁོངས་སུ་གཏོགས།

    གཅིག རྒྱུན་མཐོང་གི་ཁྲིམས་དང་མི་མཐུན་པར་ལྷུ་ལག་བཅོས་སྒྲིག་བྱས་པའི་རིགས།

    1.མྱུར་ཚད་ཚོད་འཛིན་ལ་བཟོ་བཅོས་རྒྱག་པ་སྟེ། རྒྱལ་ཁབ་ཀྱི་ཚད་གཞི་གསར་པའི་གློག་སྒུལ་སྦག་སྦག་གི་མྱུར་ཚད་མགྱོགས་ཤོས་25km/hཡིན་པ་དང་། བཅོས་རྗེས་མྱུར་ཚད་མགྱོགས་ཤོས་60km/hཟིན་པ།

    2.མྱུར་ཚད་ཚོད་འཛིན་སྒྲིག་ཆས་དང་རྐང་པ་འཇོག་ས་བཤིག་པ།

    3.གློག་གསོག་སྣོད་ཆས་ཆེ་རུ་གཏོང་བའམ་མཐུད་སྣེ་འཇོག་པ་དང་། ཕྱི་ངོས་སུ་གློག་གསོག་སྣོད་ཆས་ཀྱི་སྒྲོམ་བསྒར་བ། མ་འཁོར་གྱི་གཏན་འབེབས་དང་མི་མཐུན་པའི་གློག་གསོག་སྣོད་ཆས་་འཐོལ་པ་བསྒར་བའམ་བརྗེ་བ།

    4.གདུགས་སྒྲོམ་དང་འཁོར་ཁེབས་སོགས་ཕྱི་ངོས་ཀྱི་སྒྲིག་ཆས་བསྒར་ནས་གློག་སྒུལ་འཁོར་རིགས་ཀྱི་བཀོལ་སྤྱོད་རང་བཞིན་དང་བརྟན་པའི་རང་བཞིན་ལ་ཤུགས་རྐྱེན་བཟོ་བ།

    5.དམིགས་བསལ་འཁོར་རིགས་དང་འདྲ་བའི་མཚོན་རྟགས་དང་། རི་མོ། ཉེན་བརྡའི་ཡོ་ཆས་སོགས་རང་དགར་སྦྱར་བའམ་བསྒར་ནས་གོ་འཛོལ་ཡོང་ཉེན་བཟོ་བ།

    6.ཁྲིམས་དང་མི་མཐུན་པར་ལྷུ་ལག་བཅོས་སྒྲིག་བྱེད་པ་དཔེར་ན། འབོལ་གདན་རིང་དུ་གཏོང་བ་དང་ལག་སྐྱོར་ཁ་སྣོན་བྱེད་པ་སོགས།

    གཉིས། གློག་སྒུལ་སྦག་སྦག་གི་ལྷུ་ལག་ཁྲིམས་དང་མི་མཐུན་པར་བཅོས་སྒྲིག་བྱས་པའི་གནོད་འཚེ།

    1.ལྷུ་ལག་ཆུང་ཆུང་བསྒྲིགས་པའི་ཉེན་ཁ་ནི་ཚོད་འཛིན་བྱེད་དཀའ་བ་ཞིག་རེད། གློག་སྒུལ་སྦག་སྦག་གི་ལྷུ་ལག་བཅོས་སྒྲིག་བྱས་ན་སྦག་སྦག་གི་ལྗིད་ཚད་ལ་འགྱུར་ལྡོག་བྱུང་སྟེ། ཚོད་འཛིན་དང་འཁོར་བཀག་ཚང་མའི་ནུས་པ་ཞན་དུ་འགྱུར་བ་དང་། ལྷག་པར་དུ་མྱུར་ཚད་ལ་ཚད་བཀག་མེད་པར་བཟོས་ན། སྦག་སྦག་མྱུར་ཚད་ལས་བརྒལ་ནས་སྐྱོད་སྐབས་ཚོད་འཛིན་བྱེད་དཀའ་བས་ཉེན་ཁ་ཧ་ཅང་ཆེ།

    2.སྐུད་ལམ་ལ་བཟོ་བཅོས་བརྒྱབ་ན་རང་བཞིན་དུ་འབར་སླ་རུ་འགྱུར་སྲིད། ལྷུ་ལག་མང་པོ་བསྒྲིགས་ན་གློག་ལམ་བསྒྱུར་སྲིད། གལ་ཏེ་གློག་སྐུད་ཕྲ་མོར་གློག་རྒྱུན་ཆེན་པོ་འཁྲིད་ཚེ། གློག་ལམ་བརྟན་པོ་མེད་པའི་ཁར་གློག་སྐུད་འཁྲུགས་ནས་རང་བཞིན་དུ་འབར་སླ་པོ་རེད།

    3.གློག་རྫས་ལ་བཟོ་བཅོས་རྒྱག་པ་ནི“འབར་རྫས་སྦས་པ”དང་གཉིས་སུ་མ་མཆིས། གློག་རྫས་ལ་བཟོ་བཅོས་བརྒྱབ་རྗེས། སྐུད་པའི་མཐུད་སྣེ་དང་གློག་སྐུད་ལ་སྐྱོན་ཤོར་སྲིད། གལ་ཏེ་སྐབས་དེར་གང་འདོད་དུ་འདྲེན་སྐུད་འཐེན་ནས་གློག་བསླངས་ན། གློག་རྫས་ལ་གློག་གསོག་སྐབས་ནང་ཁུལ་དུ་འདུས་པའི་ཆིང་རླངས་ལ་མེ་མཆེད་ནས་འབར་གས་བྱེད་སླ་པོ་རེད།

    4.འཁོར་ཁེབས་དང་ཉི་སྒྲིབ་ཀྱིས་མཐོང་ལམ་འགོག་སྲིད། གློག་སྒུལ་སྦག་སྦག་ལ་འཁོར་ཁེབས་དང་ཉི་སྒྲིབ་བསྒར་ན་ཉི་མ་དང་ཆར་པ་འགོག་ཐུབ་མོད་མཐོང་ལམ་ཡང་འགོག་པ་མ་ཟད། ད་དུང་སྦག་སྦག་གི་རླུང་འགོག་ཀྱང་ཇེ་ཆེར་གྱུར་ནས་ལྷགས་པ་ཆེན་པོ་རྒྱག་སྐབས་སྦག་སྦག་བརྟན་པོ་མེད་པར་གྱུར་ནས་དོན་རྐྱེན་ཐོན་ཉེན་ཆེན་པོ་ཡོད།

    གསུམ། གློག་སྒུལ་སྦག་སྦག་གི་ལྷུ་ལག་ཁྲིམས་དང་མི་མཐུན་པར་བཅོས་སྒྲིག་བྱས་ཡོད་མེད་ལྟ་བའི་ཐབས་ཤེས།

    1.ཚད་ལོན་དཔང་ཡིག་ཐོག་གི“གསང་བ” གློག་སྒུལ་སྦག་སྦག་ཚང་མར་གྲངས་འཛིན་ཨང་སྒྲིག་རེ་ཡོད་པ་དེ་ནི་འཁོར་རིགས་ཀྱི“ཐོབ་ཐང་ལག་ཁྱེར”ཡིན། 《གློག་སྒུལ་སྦག་སྦག་ཐོན་རྫས་ཚད་ལོན་དཔང་ཡིག》ཐོག་གི་ཨང་སྒྲིག་དང་སྦག་སྦག་ངོས་སུ་བཀོད་པའི་ཨང་སྒྲིག་གཅིག་མཚུངས་ཡིན་མིན་ཞིབ་བསྡུར་བྱེད་དགོས། གཞན་ཡང་། ཚད་ལོན་དཔང་ཡིག་ཐོག་ཆ་འཕྲིན་གཞན་དག་ཀྱང་ཡོད་པས། མ་ཉོས་གོང་། ཚད་ལོན་དཔང་ཡིག་ཐོག་གི་ཕྱིའི་པར་རིས་དང་སྦག་སྦག་དངོས་གཅིག་མཚུངས་ཡིན་མིན་དང་། ཚད་ལོན་དཔང་ཡིག་ཐོག་བཀོད་པའི་གློག་གསོག་སྣོད་ཆས་རིགས་དང་དངོས་སུ་བསྒར་པའི་གློག་རྫས་རིགས་གཅིག་མཚུངས་ཡིན་མིན་ཞིབ་བསྡུར་བྱེད་དགོས།

    2.ཆེ་ཆུང་གི་ཚད་གཞིར་ལྟ་བའི་ཐབས་ཤེས། གློག་སྒུལ་སྦག་སྦག་ཧྲིལ་པོའི་མཐོ་ཚད་དང་ཞེང་ཚད། འཁོར་ལོ་རྒྱབ་མདུན་གྱི་བར་ཐག་བཅས་ཚང་མར་གྲངས་ཐང་ཚད་གཞི་གསལ་པོ་ཡོད་པས། མ་ཉོས་གོང་གྲངས་ཐང་དེ་དག་གཏན་འབེབས་དང་མཐུན་མིན་ཞིབ་བསྡུར་ནན་ཏན་བྱེད་དགོས།

    3.གློག་འཛུགས་ཐོག་གི“གསང་བ་ཆུང་ཆུང” གློག་རྫས་མི་འདྲ་བར་སྤྱོད་པའི་གློག་འཛུགས་ཀྱི་རྣམ་པ་མི་འདྲ། གལ་སྲིད་ཁྱེད་ཀྱི་གློག་སྒུལ་སྦག་སྦག་གི་གློག་འཛུགས་དང་གློག་རྫས་འཚམ་པོ་མེད་ཚེ་གཟབ་གཟབ་བྱེད་དགོས་ཏེ། དེ་ནི་ཁྲིམས་དང་མི་མཐུན་པར་ལྷུ་ལག་བཅོས་སྒྲིག་བྱས་པའི་རྟགས་མཚན་ཡིན་ཉེན་ཆེ།

    4.སྦག་སྦག་གི་སྒྲིག་བཀོད་ལ་ཞིབ་བཤེར་བྱེད་དགོས། གོང་དུ་བཤད་པའི་རྒྱུན་མཐོང་གི་བཅོས་སྒྲིག་གནས་ཚུལ་ལ་དཔེ་བལྟས་ནས་ལྷུ་ལག་བཅོས་སྒྲིག་བྱས་ཡོད་མེད་ཞིབ་བཤེར་བྱེད་དགོས།

    (བོད་རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཁོ་འདོན་བྱས)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།