དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཧྲའན་བོད་སློབ་གསོའི་སྤེལ་རེས་གསེར་ཟམ་བཙུགས། གངས་ལྗོངས་སློབ་མར་འཚར་ལོངས་བགྲོད་ལམ་བཤངས།

    —— ཧྲའན་ཤིས་ཀྱི་མཐོ་སློབ་བརྒྱད་ཀྱིས“སློབ་ཆེན་རེས་སློབ་གླིང་རེར་རོགས་རམ”བྱས་ཏེ་ཞིང་ཆེན་བརྒལ་ནས་མི་སྣ་གསོ་སྐྱོང་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-11

    དབྱར་ཟླ་ར་བར། ཧྲའན་ཤིས་ཞིང་ཆེན་ཞན་དབྱང་གྲོང་ཁྱེར་ཞུན་དབྱི་རྫོང་ཞི་ཐོའུ་གྲོང་ཚོར་བོད་ལྗོངས་མི་རིགས་སློབ་ཆེན་གྱི་གནའ་རྫས་རྟོག་ཞིབ་ཆེད་ལས་ཀྱི་སློབ་མ་7ནུབ་བྱང་སློབ་ཆེན་གྱི་ཀུའུ་པིན་ཏི་གནའ་རྫས་རྟོག་ཞིབ་དངོས་སྦྱོང་རྟེན་གཞིའི་འཚོལ་ཞིབ་ནང་ཞུགས་ཤིང་། ཁོང་ཚོས་ཡུལ་དེ་གར་ཟླ་བ་གཉིས་རིང་རི་ཐང་གནའ་རྫས་རྟོག་ཞིབ་ཐད་ཀྱི་དངོས་སྦྱོང་བྱ་རྒྱུ་ཡིན་པ་རེད།

    སློབ་ཁང་ནས་རི་ཐང་དུ་བསྐྱོད་པ་དང་རིགས་པའི་གཞུང་ལུགས་ནས་ལག་ལེན་གྱི་ཕྱོགས་སུ་ཞུགས་ཤིང་། ས་གཞི་སེར་པོ་དེ་ས་མཐོའི་སློབ་ཆེན་སློབ་མས་ལོ་རྒྱུས་ཀྱི་འཕར་རྩར་རེག་པའི་གསོན་ཉམས་ལྡན་པའི་སློབ་ཚན་དུ་གྱུར་ཡོད། ཡུལ་དེ་ནི་གསར་དུ་ཞུགས་པའི་གནའ་རྫས་རྟོག་ཞིབ་སློབ་མའི་དངོས་སྦྱོང་གི་འགོ་འཛུགས་ས་ཡིན་པ་མ་ཟད། ཧྲའན་ཤིས་མཐོ་སློབ་ཀྱི“སློབ་ཆེན་རེས་སློབ་གླིང་རེར་རོགས་རམ”བྱེད་པའི་ལམ་སྲོལ་འོག་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ས་ཁོངས་ལས་བརྒལ་བ་དང་ས་མཐོའི་སློབ་མར་ཕན་བདེ་བསྐྲུན་པའི་མཚོན་ཚུལ་ཞིག་དེ་བས་ཀྱང་རེད།

    2023ལོའི་ཟླ་10པར། ཧྲའན་ཤིས་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོས“སློབ་ཆེན་རེས་སློབ་གླིང་རེར་རོགས་རམ”བྱེད་པའི་འཐབ་ཇུས་ཀྱི་ཁ་ཕྱོགས་བཏོན་ཞིང་། ཧྲའན་ཤིས་ཞིང་ཆེན་སློབ་གསོ་ཐིང་དང་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་མགྱོགས་མྱུར་དང་ལེན་ཞུས་ཏེ་སྒྲོམ་གཞིའི་གྲོས་མཐུན་བཞག་པ་རེད། ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་དང་། ནུབ་བྱང་བཟོ་ལས་སློབ་ཆེན། ཤིས་ཨན་གློག་རྡུལ་ཚན་རྩལ་སློབ་ཆེན། ཧྲའན་ཤིས་དགེ་འོས་སློབ་ཆེན། ཁྲང་ཨན་སློབ་ཆེན། ནུབ་བྱང་སློབ་ཆེན། ཤིས་ཨན་ཕྱི་རྒྱལ་སྐད་ཡིག་སློབ་ཆེན། ནུབ་བྱང་སྲིད་ཁྲིམས་སློབ་ཆེན་བཅས་མཐོ་སློབ་བརྒྱད་ཀྱིས་བོད་ལྗོངས་མི་རིགས་སློབ་ཆེན་གྱི་འབྲེལ་ཡོད་སློབ་གླིང་ཁག་དང་གནད་སྨིན་འབྲེལ་མཐུད་བྱས་ཏེ། སློབ་མ་མཉམ་དུ་གསོ་སྐྱོང་དང་། ཚན་ཞིབ་ལས་སྟེགས་མཉམ་སྤྱོད། གྲུབ་འབྲས་གལ་ཆེན་སྐྱེད་སྲིང་། སློབ་ཚན་བསླབ་གཞི་འཛུགས་སྐྱོང་། ལས་བྱེད་ཤེས་ལྡན་པ་སྤེལ་རེས་དང་ཕན་ཚུན་མངགས་གཏོང་སོགས་ཀྱི་ཐད་བོད་ལྗོངས་མི་རིགས་སློབ་ཆེན་ལ་ཁ་གཏད་རྒྱབ་སྐྱོར་བྱས་ནས་ཕྱོགས་ཡོངས་ཀྱི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཟབ་ཏུ་བཏང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིག་ཚན་དང་ཆེད་ལས་ཀྱི་འདེགས་སྐྱོར་དང་ཤེས་ལྡན་པ་གསོ་སྐྱོང་ལ་འགན་ལེན་བྱས་ཡོད།

    ལོ་གཅིག་ལྷག་ཙམ་རིང་། མཐོ་སློབ་བརྒྱད་ཀྱིས་འགྱེད་འཕྲོའི་ཕན་ནུས་འདོན་སྤེལ་བྱས་ནས་བོད་ལྗོངས་མི་རིགས་སློབ་ཆེན་དུ་ཡོད་མུས་ཀྱི་སློབ་མར་མཉམ་འབྲེལ་གསོ་སྐྱོང་ཇུས་གཞི་འོས་འཚམ་གཏན་འཁེལ་བྱས་ཤིང་། དུས་ཐུང་གི་མཁས་པ་སློབ་སྐོར་བ་ནས་སློབ་ལོ་ཧྲིལ་པོར་སྤེལ་རེས་བྱེད་པ་དང་། སློབ་ཚན་གཅིག་མཉམ་དུ་འཚོགས་པ་ནས་སྤྱི་ཚོགས་ལག་ལེན་མཉམ་དུ་བྱེད་པའི་བར་རིམ་པ་མང་བའི་སྤེལ་རེས་ཀྱི་ཐབས་ལམ་བདེ་བླག་བྱུང་ཡོད།

    བསྡོམས་རྩིས་ལྟར་ན། ལོ་གཉིས་ཙམ་གྱི་རིང་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་སློབ་མ་50ལྷག་ཙམ་ཧྲའན་ཤིས་ཞིང་ཆེན་གྱི་མཐོ་སློབ་བརྒྱད་དུ་སྤེལ་རེས་དང་སློབ་སྦྱོང་བྱེད་པར་མངགས་པ་དང་། སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་མངོན་འགྱུར་བྱུང་བའི་དུས་མཚུངས་སུ་སློབ་མར་སན་ཆིན་ས་གཞི་ཆེ་མོ་ནས་སློབ་གྲྭ་གྲགས་ཅན་གྱི་རྣམ་པ་ཚོར་ཐུབ་པ་དང་། ཤེས་འདོད་ཀྱི་སྤྲོ་སེམས་རྒྱས་ནས་ཤེས་ལྡན་པར་འགྱུར་བའི་འདུ་ཤེས་ཟབ་ཏུ་བཏང་ཡོད།

    “ཕྱིར་སྐྱོད་པའི”དུས་མཚུངས་སུ་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་ཀྱང་སློབ་གྲྭ་གྲགས་ཅན་ཁག་གི་ཐོན་ཁུངས“ནང་དུ་འདྲེན་པར”གཞོལ་བ་སྟེ། རིགས་གཅིག་མཁས་ཅན་གྱི་འཆད་ཁྲིད་གཅིག་རྗེས་གཉིས་མཐུད་ངང་བྱས་པ་དང་། ཤེས་བྱ་གསར་ཤོས་ལེ་དབར་སྟོང་ཕྲག་བརྒྱུད་དེ་ས་མཐོའི་སློབ་མར་རྒྱུན་མཐུད་བརྒྱུད་སྤྲོད་བྱས་པ་རེད།

    ད་ཆ“སློབ་ཆེན་རེས་སློབ་གླིང་རེར་རོགས་རམ”བྱེད་པའི་ལམ་སྲོལ་གྱིས་བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་མའི་མི་ཚེའི་བགྲོད་ལམ་རིམ་གྱིས་ཇེ་ཡངས་སུ་གཏོང་བཞིན་ཡོད། བོད་ལྗོངས་མི་རིགས་སློབ་ཆེན་གྱི“སློབ་ཐོན་སློབ་མ་ཕུལ་བྱུང་བཅུ”དཔྱད་འདེམས་ཀྱི་ནང་སློབ་གྲྭ་དེའི་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་གི་སློབ་མ་ཅང་ཧའེ་ཡན་གྱིས་རང་ཉིད་དང་ཁྲང་ཨན་སློབ་ཆེན་དབར་གྱི་ལས་འབྲེལ་སྐོར་སེམས་འགུལ་ཆེན་པོས་བཤད་དོན། “ན་ནིང་ཁྲང་ཨན་སློབ་ཆེན་ཞིབ་འཇུག་སློབ་མའི་སློབ་གླིང་གི་སྒོའི་མདུན་དུ་ལངས་པའི་སྐབས་དེར། དགེ་རྒན་དང་སློབ་གྲོགས་ཚོས་བརྒྱུད་སྤྲོད་བྱས་པའི་དགའ་ཞེན་གྱིས་ང་ལ་མ་འོངས་པར་ཡུལ་དེ་གར་འབྲེལ་ཟམ་འདུ་འགོད་ཀྱི་ཕུགས་འདུན་མུ་མཐུད་རྩོམ་རྒྱུའི་གདམ་ག་བྱེད་སེམས་བརྟན་པོ་སྐྱེས་བྱུང”ཞེས་བཤད།

    “སློབ་ཆེན་རེས་སློབ་གླིང་རེར་རོགས་རམ”བྱེད་པའི་ལམ་སྲོལ་གྱི་ཕན་པ་ཐོབ་སྟེ། ཉེ་བའི་ལོ་གཉིས་རིང་བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་མ་ཧྲའན་ཤིས་ཀྱི་མཐོ་སློབ་བརྒྱད་དུ་ཞུགས་ཏེ་རབ་འབྱམས་པ་དང་འབུམ་རམས་པའི་སློབ་སྦྱོང་གི་བསྡུར་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ་དང་། 2023ལོའི་4%ནས་2025ལོའི་9.3%བར་འཕར་ནས་སློབ་གྲྭ་ཡོངས་ཀྱི་སློབ་མ་40ལྷག་ཙམ་གྱིས་ཧྲའན་ཤིས་ཀྱི་མཐོ་སློབ་བརྒྱད་དུ་མུ་མཐུད་ནས་ཟབ་སྦྱོང་གི་རྒྱང་ལམ་གསར་པ་འགོ་བརྩམས་ཡོད་པ་རེད།

    མ་འོངས་པར་ཁ་ཕྱོགས་ནས་བོད་ལྗོངས་མི་རིགས་སློབ་ཆེན་གྱི་འབྲེལ་ཡོད་འགན་འཁུར་བས། ས་བབ་ཀྱི་བཟང་ཆ་དང་ཧྲའན་ཤིས་མཐོ་སློབ་ཀྱི་སྤུས་ལེགས་ཐོན་ཁུངས་ལ་མུ་མཐུད་བརྟེན་ནས། བོད་གསར་འཛུགས་སྐྲུན་གྱི་འགན་འཁྲི་འཁུར་བའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱ་རྒྱུར་སྟོབས་ཤུགས་སྔར་ལས་ཆེ་བ་སྦྱིན་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།