བོད་ཀྱི་ཉ་རིགས་སྐྱེ་འཕེལ་དང་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
ཟླ་6ཚེས་6ཉིན་ནི་རྒྱལ་ཡོངས་ཀྱི“ཉ་གློད་པའི་ཉིན་མོ”ཡིན་ཞིང་། དེ་ཉིན་སྔ་དྲོར། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དང་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་གཙོ་གཉེར་བྱས་པའི་བོད་ཀྱི་ཉ་རིགས་སྐྱེ་འཕེལ་དང་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་ལྷ་ས་ཀྲུང་ཧྭ་རིག་གནས་སྤྱི་གླིང་དུ་སྤེལ་བ་རེད།
ད་ཐེངས་ཀྱི་བྱེད་སྒོར“ཆུ་སྐྱེས་སྐྱེ་དངོས་བདག་སྐྱོང་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ”བརྗོད་དོན་གཙོ་བོར་བྱས་པ་དང་འབྲེལ། བྱེད་སྒོ་སྤེལ་ཡུལ་དུ《ཚན་རིག་དང་མཐུན་པའི་ངང་ཉ་གློད་པའི་གྲོས་འགོའི་ཡི་གེ》དང 《བོད་ཀྱི་ཉ་རིགས་ཚན་རིག་དང་མཐུན་པའི་ངང་གློད་པའི་ལག་དེབ》སོགས་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་དཔྱད་ཡིག་སྤྲད་ནས། མང་ཚོགས་ལ་ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོང་གི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་སྟེ། ཚན་རིག་དང་མཐུན་པའི་ངང་ཉ་གློད་རྒྱུར་སྣེ་ཁྲིད་བྱས་པ་རེད།