དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས།

    བོད་ལུགས་གསོ་རིག་གི་ནད་ཐོག་ཆེད་ལས་ལག་རྩལ་གྱི་རྐང་འཛིན་ཤེས་ལྡན་པའི་གསོ་སྦྱོང་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-11

    ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་བོད་ལུགས་གསོ་རིག་གི་ནད་ཐོག་ཆེད་ལས་ལག་རྩལ་གྱི་རྐང་འཛིན་ཤེས་ལྡན་པའི་གསོ་སྦྱོང་འཛིན་གྲྭ་དངོས་སུ་སློབ་འགོ་ཚུགས་ཤིང་། དེའི་དམིགས་ཡུལ་ནི་རྫོང་ཁོངས་ཀྱི་བོད་ལུགས་གསོ་རིག་སྨན་དོན་པའི་ཆེད་ལས་ཆུ་ཚད་མཐོ་རུ་བཏང་ནས། བོད་ལུགས་གསོ་རིག་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།

    གསོ་སྦྱོང་བྱེད་རིང་། རང་སྐྱོང་ལྗོངས་ཀྱི་བོད་ལུགས་གསོ་རིག་ཁྱབ་ཁོངས་ཀྱི་དབང་གྲགས་ལྡན་པའི་རིགས་གཅིག་མཁས་ཅན་སློབ་ཁྲིད་བྱེད་པར་གདན་དྲངས་པ་དང་། མལ་གྲོ་གུང་དཀར་རྫོང་དང་ཤང་དང་གྲོང་རྡལ་གྱི་བོད་ལུགས་གསོ་རིག་སྨན་དོན་པ་70གསོ་སྦྱོང་ལ་ཞུགས་ཡོད་པ་རེད།

    གསོ་སྦྱོང་བྱེད་རིང་། སློབ་ཁྲིད་རིགས་གཅིག་མཁས་ཅན་གྱིས་བོད་ལུགས་གསོ་རིག་གི་དཔྱད་རྩོམ་འབྲི་སྟངས་དང་ཐབས་ཤེས་ལ་དམིགས་ནས། ཆེད་ལས་དཔྱད་རྩོམ་ཚད་ལྡན་ཇི་ལྟར་འབྲི་བའི་སྐོར་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་སྟེ། སློབ་མའི་རིག་གཞུང་ཞིབ་འཇུག་དང་གྲུབ་འབྲས་གཞན་སྒྱུར་ནུས་པ་ཆེ་རུ་བཏང་ཡོད། བོད་ལུགས་གསོ་རིག་གི་སྨན་ལུམས་རྒྱག་ཐབས་ཐད་སྨན་ལུམས་ཀྱི་རྩ་བའི་རིགས་པ་དང་། སྨན་སྦྱོར། ནད་ཐོག་བཀོལ་སྤྱོད་ཀྱི་གཙོ་གནད་བཅས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཡོད། བོད་སྨན་གདུལ་སྦྱོང་དང་ཁ་ཚར་གྱི་སྦྱོར་སྡེབ་ཐད་སྨན་རྩ་གདམ་གསེས་དང་། ལས་སྣོན་གདུལ་སྦྱོང་། སྨན་སྦྱོར་སྦྱོར་སྡེབ་སོགས་ཀྱི་ནང་དོན་ལ་དམིགས་ནས་སློབ་ཁྲིད་བྱས་ཏེ། སློབ་མར་བོད་ལུགས་གསོ་རིག་ཁྱད་ཆོས་ཀྱི་ནད་བརྟག་སྨན་བཅོས་ལག་རྩལ་ཁོང་དུ་ཆུད་པར་ཁྲིད་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།