“ལྷ་སའི་གློ་བའི”འགྱུར་ལྡོག
བགྲང་བྱ་སུམ་ཅུའི་སྲུང་སྐྱོང་ལེགས་སེ་ལེགས། ལྷ་ཀླུ་འདམ་རའི་རྣམ་པ་མཛེས་སེ་མཛེས།
གསར་འགྱུར་གྱི་རྒྱབ་ལྗོངས།
ད་ཡོད་ཀྱི་སྐོར་སྲུང་ལམ་སྔར་བས་སྒྱུར་བཀོད་བྱས་ནས་སྐོར་སྲུང་ནུས་པ་ཆེ་རུ་དང་དོ་དམ་སྲུང་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་ཆེད། 2025ལོའི་ཟླ་བ་4པའི་ཚེས་26ཉིན་ནས་ཟླ་བ་7པའི་བར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཡིན་པའི་ལྷ་ཀླུ་འདམ་ར་གནས་སྐབས་སྒོ་བརྒྱབ་ནས་དེའི་ནང་འཛུལ་ཆོག་གི་མེད་པ་རེད།
ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་འདམ་ར་སྲུང་སྐྱོང་ལྟེ་གནས་ཀྱི་འགན་འཁུར་བ་ཝང་རུང་ཏ་ཡིས“གནས་སྐབས་སྒོ་རྒྱག་དོན་ནི་ཕྱིས་འབྱུང་སྒོ་མོ་དེ་བས་ལེགས་པར་འབྱེད་ཆེད་ཡིན”ཞེས་བརྗོད།
2019ལོར་སྐོར་སྲུང་ལམ་དེ་སྤྱི་དམངས་ལ་རིན་མེད་ངང་སྒོ་ཕྱེ་ནས་ལྷ་ཀླུ་འདམ་རའི་སྐྱེ་ཁམས་སྲུང་སྐྱོང་གི་གྲུབ་འབྲས“དམངས་ཡོངས་ལ་མཉམ་སྤྱོད”ཐུབ་ཡོད། ཝང་རུང་ཏ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་སྒྱུར་བཀོད་དང་རིམ་སྤོར་བྱས་རྗེས་སྐོར་སྲུང་ལམ་ལ་འགྲོ་བདེ་རུ་ཆེ་རུ་ཕྱིན་ནས་རྒྱུན་གཏན་གྱི་དོ་དམ་སྲུང་སྐྱོང་ལ་དེ་བས་ཕན་ཡོད་ཀྱི་ཆ་རྐྱེན་གཏོད་རྒྱུ་རེད། འབྱུང་འགྱུར་ལམ་ཚད་ལ་སྤྱི་ལེ་13.8ཡོད་པའི་སྐོར་སྲུང་ལམ་ནས་ལྷ་ཀླུ་འདམ་ར་བསྐོར་རྒྱུ་དང་འབྲེལ་རིག་ནུས་སྒྲིག་ཆས་བཀོད་སྒྲིག་བྱས་ནས་ས་མཐོའི་འདམ་རར་སྐྱེ་ཁམས་ལྗང་མདོག་གི་བར་ཁྱམས་ཤིག་ཐུན་མོང་ཐོག་བསྐྲུན་རྒྱུ་རེད།
ལྷ་ཀླུ་འདམ་ར་རིམ་སྤོར་སྒྱུར་བཀོད་ཇི་ལྟར་བྱེད་དམ། དེའི་བཅོས་སྐྱོང་ཕན་འབྲས་དང་སྐྱེ་ཁམས་རིན་ཐང་གང་འདྲ་ཞིག་ཡོད་དམ། འབྱུང་འགྱུར་འགྲན་སློང་གང་ཞིག་འཕྲད་སྲིད་དམ། གནད་དོན་དེ་དག་ལ་དམིགས་ནས་ཟླ་6ཚེས་5ཉིན་འཛམ་གླིང་ཁོར་ཡུག་ཉིན་མོ་འཆར་ཉེར་ཡོད་པའི་སྐབས་སུ་འདི་ག་ཚགས་པར་གྱི་གསར་འགྱུར་ཟབ་སྤེལ་་ལས་དོན་ཁང་གིས་ཁྱེད་ལ་ལྷ་ཀླུ་འདམ་ར་བཅོས་སྐྱོང་བྱེད་རིང“བོད་ཀྱི་ཉམས་མྱོང”འཚོལ་ཞིབ་བྱ་རྒྱུ་ཡིན།
བཅོས་སྐྱོང་བྱེད་དགོས་དོན་གང་ཡིན་ནམ། འདམ་རར་སྔོན་ཆད་གཏོར་སྐྱོན་ཆེན་པོ་ཕོག་པ།
“ང་ཆུང་དུས་ལྷ་ཀླུ་འདམ་རའི་ཉེ་འཁོར་དུ་འཚོ་བ་བསྐྱལ་བ་ཡིན། ངའི་དྲན་ཤེས་ལ་དེ་སྔ་མི་མང་པོ་ཞིག་དེ་གར་ནོར་ལུག་འཚོ་བ་དང་། མཐའ་འཁོར་དུ་ད་དུང་ཨར་སྐྲུན་གད་སྙིགས་གང་བྱུང་དུ་སྤུངས་ནས་འདམ་རར་གཏོར་སྐྱོན་ཆེན་པོ་བཟོས་ཡོད”ལྷ་སའི་གྲོང་མི་ཞིག་གིས་ལོ་སུམ་ཅུའི་སྔོན་ལ་འདམ་རའི་ཉེ་འཁོར་དུ་སྡོད་ཁང་མང་ལ། བེད་མེད་དངོས་རྫས་འཇོག་ས་སའང་ཡོད་པས། གང་སར་གད་སྙིགས་ཀྱིས་ཁེངས་པ་མ་ཟད། བྱེ་ཐང་དུ་འགྱུར་བའི་སྣང་ཚུལ་ཡང་ཚབས་ཆེན་པོ་ཡོད་ཅེས་བརྗོད།
དེ་དང་ཆབས་གཅིག གྲོང་ཁྱེར་འཛུགས་སྐྲུན་བྱེད་རིང་ཐག་གཅོད་ནུས་ལྡན་མ་བྱུང་བའི་བཙོག་ཆུ་ཁག་གཅིག་ཐད་ཀར་འདམ་རར་འབུད་པས། འདམ་རའི་ཆུའི་སྤུས་ཚད་ཇེ་སྡུག་ཏུ་ཕྱིན་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་ཤུགས་རྐྱེན་ཐེབས་པ། འདམ་རའི་སྐྱེ་དངོས་དང་རྩི་ཤིང་གི་སྣ་ཁ་ཇེ་ཉུང་དུ་ཕྱིན་པ། སྐྱེ་ཁམས་མ་ལག་གི་བྱེད་ནུས་རིམ་བཞིན་ཞན་དུ་ཕྱིན་པ་བཅས་འདམ་རའི་རྒྱ་ཁྱོན་རིམ་བཞིན་ཇེ་ཆུང་དུ་ཕྱིན་ནས་དུས་རབས་20པའི་ལོ་རབས་70པ་དང་བསྡུར་ན་20%ཙམ་ཆུང་དུ་ཕྱིན་ཡོད།
བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དང་ལྷ་ས་གྲོང་ཁྱེར་འདམ་རའི་སྐྱེ་ཁམས་མ་ལག་བོད་རང་སྐྱོང་ལྗོངས་ཕྱི་རོལ་ཚན་རིག་ལྟ་ཞིབ་ཞིབ་འཇུག་ས་ཚིགས་ཀྱི་ཀྲེན་ཀྲང་ཀྲང་ཅི་ཧྥུང་གིས། རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོར་བལྟས་ཚེ། འདམ་ར་སྲུང་སྐྱོང་ལ་འགྲན་སློང་མང་པོ་འཕྲད་ཡོད་པ་སྟེ། དཔེར་ན། འདམ་རའི་སྐྱེ་ཁམས་མ་ལག་གི་གལ་ཆེའི་རང་བཞིན་ལ་ངོས་འཛིན་མི་འདང་བས། དུས་ཡུན་རིང་པོའི་ནང་མི་རྣམས་ཀྱིས་འདམ་ར་ནི་ས་རྒོད་དང་དུག་སྲིན་སྐྱེ་ཡུལ་ཞིག་ཡིན་པས་དེ་རྒྱོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་འདམ་རའི་སྐྱེ་ཁམས་མ་ལག་ཚང་མར་ཚད་གཞི་ངེས་ཅན་གྱི་གཏོར་སྐྱོན་ཕོག་ཡོད་ཅེས་བརྗོད།
ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཞན་པའི་དབང་གིས་ལྷ་ཀླུ་འདམ་ར་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་སྐབས་ལམ་ཀྱོག་ཁག་གཅིག་བརྒྱུད་མྱོང་ཡོད་པ་ཁས་ལེན་མི་བྱེད་ཀ་མེད་ཡིན་པས། བསམ་ཕྱོགས་བསྒྱུར་བ་དང་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་རེད།
ཏང་དང་རྒྱལ་ཁབ་ཀྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ལྷག་པར་དུ་དུས་རབས་གོང་མའི་ལོ་རབས་90པའི་རྗེས་སུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། ལྷ་ས་གྲོང་ཁྱེར་བཅས་ཀྱིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་ལྷ་ཀླུ་འདམ་ར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་བྱེད་ཐབས་གསར་གཏོད་བྱས་ནས་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ་མི་རབས་རྗེས་མར་མཛེས་སྡུག་ལྡན་པའི་འདམ་ར་འཇོག་རྒྱུའི་ལས་དོན་ཧུར་ཐག་སྒྲུབ་བཞིན་ཡོད་པ་རེད།
བཅོས་སྐྱོང་ཇི་ལྟར་བྱེད་དགོས་སམ། སྐྱེ་ཁམས་མ་ལག་གི་གྲུབ་ཆ་དང་བྱེད་ནུས་ལེགས་བཅོས་བྱས་པ།
1995ལོར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འདམ་ར་སྲུང་སྐྱོང་ལས་གྲྭ་སྤེལ་འགོ་བཙུགས་པ་དང་། དོ་དམ་ལེགས་གཏོང་དང་། ལམ་ལུགས་འཛུགས་སྐྱོང་། རྣམ་གྲངས་རྒྱབ་སྐྱོར། མ་དངུལ་འགན་སྲུང་སོགས་ཀྱི་ཐད་མུ་མཐུད་ཤུགས་བརྒྱབ་པས། འདམ་ར་སླར་གསོ་དང་སྲུང་སྐྱོང་ཅུང་ལེགས་པོ་བྱུང་ཡོད།
སྐྱེ་ཁམས་ཀྱི་རྨང་གཞིའི་གནས་ཚུལ་གསལ་པོ་ཤེས་པར་བྱས་ནས་བཅོས་སྐྱོང་བྱེད་ཐབས་སྔ་རྗེས་སུ་བཏོན་ཡོད། རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་8.5ལྷག་ཙམ་བཏང་ནས་ལྷ་ཀླུ་འདམ་རའི་དུས་ཐེངས་དང་པོ་ནས་བཞི་པ་བར་གྱི་སྲུང་སྐྱོང་ལས་གྲྭ་ལག་བསྟར་བྱས་ཏེ་ཕྱུགས་རིགས་ཚད་ལས་བརྒལ་ནས་འཚོ་བ་དང་། འདམ་རའི་ཆུ་གསོག སྔོ་ཁེབས་སླར་གསོ། འདམ་ར་དང་དེའི་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མཐོར་གཏོང་སོགས་ཀྱི་གནད་དོན་སོ་སོར་ཐག་གཅོད་བྱས་པ་རེད།
“དེའི་ནང་དུས་ཐེངས་གསུམ་པར་མ་དངུལ་ཤུགས་ཆེན་བཏང་བར་སྒོར་དུང་ཕྱུར་4ཟིན་ཡོད” ལྷ་ཀླུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ལྟ་ཞིབ་ཁོའོ་ཡི་ཁོའོ་ཀྲང་ངག་དབང་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། དུས་ཐེངས་གསུམ་པའི་འཛུགས་སྐྲུན་ནང་དོན་གཙོ་བོ་ནི་སྲུང་སྐྱོང་ཁུལ་རྒྱ་སྐྱེད་དང་ལྟེ་བའི་ཁུལ་གནས་སྤོ་དང་། འདམ་རའི་སྐྱེ་ཁམས་མ་ལག་སླར་གསོའི་ལས་གྲྭ། སྲུང་སྐྱོང་ཁུལ་གྱི་འགོག་སྲུང་ནགས་ཚལ་སྔོ་འགྱུར་ལས་གྲྭ ཆུ་གསབ་མ་ལག་སྒྱུར་བཀོད་ལས་གྲྭ འདམ་རའི་བརྟག་དཔྱད་ལྟ་ཞིབ་ཚད་ལེན་མ་ལག་ལས་གྲྭ་སོགས་ཚུད་ཡོད་པ་དང་། རིམ་རྩིས་བརྒྱབ་ན་སྐྱེ་ཁམས་སླར་གསོ་སྨི་ངོས་གྲུ་ཁྲི་49.68བྱས་ཡོད།
ལོ་རེའི་རྒྱང་ཚོར་སྲུང་སྐར་པར་རིས་དང་བརྟག་དཔྱད་ལས་མངོན་པར་གཞིགས་ན། ལོ་མང་འབད་འཐབ་བྱས་པ་བརྒྱུད། ལྷ་ཀླུ་འདམ་རའི་སྔོ་ཁེབས་ཁྱབ་ཚད་སྲུང་སྐྱོང་ཁུལ་བཙུགས་མ་ཐག་པའི་དུས་འགོའི་60%ནས་མིག་སྔའི་95%ཡན་བར་མཐོ་རུ་ཕྱིན་ཡོད།
དེ་གར་དགུན་སྒྲོལ་ལ་ཡོང་བའི་དུས་བྱར་ཡུལ་སྐོར་བའི་འདྲོག་སློང་བ་དང་མེ་སྐྱོན་གྱི་ཉེན་ཁ་ཆུང་དུ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་ལྷ་ཀླུ་འདམ་རས་ལོ་རེའི་ཟླ་བ་11ནས་ལོ་གཉིས་པའི་ཟླ་བ་5པའི་བར་གནས་སྐབས་སྒོ་རྒྱག་གི་ཡོད།
བྱེད་ཐབས་དང་གྲངས་གཞི་འདི་དག་གི་རྒྱབ་ཕྱོགས་ནས་འདམ་རའི་སྐྱེ་ཁམས་མ་ལག་སླར་གསོ་བྱུང་ཚུལ་མཚོན་ཐུབ་ལ། སྲུང་སྐྱོང་བྱེད་ཐབས་ཚན་རིག་དང་མཐུན་ལ་ནུས་ལྡན་ཡིན་པ་ར་འཕྲོད་ཐུབ་ཀྱི་ཡོད།
མདུན་ལམ་གང་འདྲ་ཡོད་དམ། སྤྱི་དམངས་དེ་བས་མང་བ་འདམ་ར་སྲུང་སྐྱོང་ནང་ཞུགས་པར་ཁྲིད་སྟོན་བྱས་པ།
ལྟ་དཔྱད་ཚད་ལེན་བྱས་པར་གཞིགས་ན། ཉེ་བའོ་ལོ་ཤས་རིང་ལྷ་ཀླུ་འདམ་རའི་ནང་འདབ་ཆགས་རིགས་50ཟིན་པ་དེ་དག་རིགས་9ཡི་ཚན་པ་19ཡི་ཁོངས་སུ་གཏོགས་པ་དང་། དེའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་འདབ་ཆགས་མཚོ་གླག་མཇུག་དཀར་དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་འདབ་ཆགས་བྱ་རྒོད་དང་བྱིའུ་ཁྲ་སོགས་རིགས་10ཙམ་ཡོད།
སྔོ་ལྗང་རྩི་ཤིང་དག་ང་ཚོའི་མིག་གིས་མཐོང་ཐུབ། དེ་ལས་འགྱུར་ལྡོག་ཆེ་བ་ནི་ལྷ་ཀླུ་འདམ་རའི་ལོ་རེའི་ཆ་སྙོམས་རླུང་སྣོན་གྲོང་ཁུལ་ལས་1~2hpaཀྱིས་མཐོ་བ་དང་། ཆུ་རླངས་ཀྱི་གནོན་ཤུགས་0.69~1.54hpaཡིས་མཐོ་བ། ལོ་རེའི་ཆ་སྙོམས་གསོ་རླུང་འདུས་ཚད་185.6g/㎥ཟིན་པ་དེ་གྲོང་ཁུལ་ལས་1g/㎥གིས་མཐོ་བ་ཡོད། བརླན་བཤེར་གྲོང་ཁུལ་ལས་ལོ་རེར་ཆ་སྙོམས་10%~17%གྱིས་མཐོ་བ་དང་། དྲོད་ཚད་གྲོང་ཁུལ་ལས་དབྱར་ཁར་1~2℃ཀྱིས་དམའ་བ་དང་དགུན་ཁར་0.5~1℃གིས་མཐོ་བ་ཡོད་པས་བྱེ་རྡུལ་གནམ་གཤིས་བསྟན་ཉུང་དུ་ནུས་ལྡན་སོང་ཡོད་ལ་མཁའ་རླུང་གི་སྤུས་ཚད་ཀྱང་ལེགས་སུ་འགྲོ་གི་ཡོད།
ལྷ་ཀླུ་འདམ་ར་སྲུང་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་མོད། འོན་ཀྱང་སྔར་བཞིན་འགྲན་སློང་དང་གནོན་ཤུགས་མང་པོ་འཕྲད་བཞིན་ཡོད་པས། རྒྱ་སྐྱེད་གཏིང་ཟབ་ཇི་ལྟར་གཏོང་དགོས་སམ།
“སྤྱི་དམངས་ཀྱི་སྟོབས་ཤུགས་དང་ནུས་པ་ཧུར་ཐག་འདོན་དགོས”ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ལྷ་མོ་ཚེ་རིང་གིས། སྤྱི་དམངས་འདམ་ར་སྲུང་སྐྱོང་ནང་ཞུགས་པའི་རིན་ཐང་གཙོ་བོ་བརྗོད་ཅིང་། ཁོང་གིས་རྒྱ་ཆེའི་གྲོང་མིས་འདམ་རའི་མཛེས་པ་ཉམས་སུ་མྱངས་ཚེ་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ས་མཐོའི་གྲོང་ཁྱེར་གྱི་སྐྱེ་ཁམས་ཀྱི་འབྱུང་འགྱུར་སླར་གསོ་ཐུབ་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་ཐུབ་ཅེས་བརྗོད་པ་རེད།
དོན་དམ་དུ་ལྷ་ཀླུ་འདམ་ར་སྲུང་སྐྱོང་གི་ལས་དོན་སྤེལ་རིང་སྤྱི་དམངས་ཀྱིས་ཉིན་རེ་ལས་མ་འདས་པར་ནུས་པ་གལ་ཆེན་འདོན་བཞིན་ཡོད།
2024ལོར། བོད་ལྗོངས་ཀྱི“རྒྱལ་ཁབ་ཀྱི་གཞོན་ནུ་ལོ་ཆུང་གི་རང་བྱུང་སློབ་གསོའི་ལྗང་མདོག་སྒར་ས”ཁག་དང་པོའི་མཚན་སྙན་སྤྲད་རྗེས་འབྲེལ་ཡོད་སྡེ་ཚན་གྱིས་ལྷ་ཀླུ་འདམ་རར་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་ཐེངས་20ལྷག་ཙམ་སྤེལ་བ་དང་། དེའི་ནང་ཞུགས་མཁན་མི་ཐེངས་1200ལྷག་ཙམ་ཟིན་གྱི་ཡོད། རིམ་རྩིས་བརྒྱབ་ན། ཡུལ་སྐོར་བ་དང་གྲོང་མི་མི་ཐེངས་ཁྲི་8ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད།
2024ལོའི་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་ཉིན་མོར་ལྷ་ཀླུ་འདམ་ར་དོ་དམ་ཅུས་ཀྱིས“ལོ་ཆུང་གཞོན་ནུས་སྲོག་ཆགས་ལ་མཉམ་དུ་སྲུང་སྐྱོབ་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་རང་བྱུང་ཚན་རིག་ཁྱབ་གདལ་སློབ་གསོའི་བྱེད་སྒོ་སྤེལ་ནས་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང“སློབ་ཁང་ནས་རང་བྱུང་ཁམས་སུ་སྐྱོད་པའི”སྐྱེ་ཁམས་ཚན་རིག་ཁྱབ་གདལ་སློབ་གསོའི་རྣམ་པ་གསར་པ་འགོ་བཙུགས་པ་མ་ཟད། འདམ་ར་སྲུང་སྐྱོང་ལ“ལང་ཚོའི་སྟོབས་ཤུགས”ཤིག་བསྣན་ཡོད།
“དགའ་འོས་པའི་འགྱུར་ལྡོག་ཞིག་ནི་སྤྱི་དམངས་ལ་རིན་མེད་ངང་སྒོ་ཕྱེ་བ་བརྒྱུད། འདམ་ར་སྲུང་སྐྱོང་བྱེད་པའི་ཚང་མའི་འདུ་ཤེས་ཟབ་ཏུ་ཕྱིན་པ་དེ་རེད། ལས་དོན་པས་རྒྱུན་དུ་སྐོར་གཡེང་བྱེད་སྐབས་སྤྱིར་ན་གང་བྱུང་དུ་དབྱུགས་པའི་གད་སྙིགས་མཐོང་རྒྱུ་མེད”ཅེས་ལྷ་མོ་ཚེ་རིང་གིས་སེམས་འགུལ་ཐེབས་བཞིན་བཤད།
ལྷ་ཀླུ་འདམ་རའི་བཅོས་སྐྱོང་གི་ཉམས་མྱོང་ལས“རི་སྔོན་ཆུ་དྭངས་ནི་གསེར་དངུལ་རི་ཡིན་པའི”འདུ་ཤེས་ལ་གསལ་འགྲེལ་གཏིང་ཟབ་བྱས་པ་དང་། “རིག་ཚན་བརྒལ་བའི་ཚན་རིག་རྟོག་ཞིབ་དང་། རིམ་དབྱེ་སྲུང་སྐྱོང་། སྤྱི་དམངས་ཞུགས་པ”བཅས་ཟུང་དུ་འབྲེལ་བའི་རྣམ་པར་གསལ་འགྲེལ་གཏིང་ཟབ་བྱས་ནས་ལྷ་ས་གྲོང་ཁྱེར་ཙམ་མ་ཟད། ཐ་ན་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་མིག་དཔེ་བཏོད་ཡོད། དེས་ས་མཐོའི་སྐྱེ་ཁམས་བཅོས་སྐྱོང་ལ་དཔེ་ལྟ་ས་ཡག་པོ་ཞིག་མཁོ་འདོན་བྱས་པ་དང་སྦྲགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ“བོད་ཀྱི་ཇུས་གཞི”ལེགས་སྐྱེས་ཀྱང་ཕུལ་ཡོད།