ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།
《དམངས་འཚོ་སྔར་བས་འགན་སྲུང་དང་ལེགས་སུ་བཏང་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།
ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《དམངས་འཚོ་སྔར་བས་འགན་སྲུང་དང་ལེགས་སུ་བཏང་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས། དམངས་འཚོ་འཛུགས་སྐྱོང་དེ་བས་དྲང་གཞག་དང་། དོ་སྙོམས། ཀུན་ཕན། ཁྱབ་གདལ་ཆོག་པ་བཅས་ལ་སྐུལ་འདེད་བཏང་བ་རེད།
བསམ་འཆར་ནང་ནན་བཤད་བྱས་དོན། སྤྱི་ཚོགས་འགན་སྲུང་གི་དྲང་གཞག་རང་བཞིན་ཆེ་རུ་གཏོང་དགོས། སྤྱི་ཚོགས་འགན་སྲུང་མ་ལག་ཁྲོད་ཀྱི་སྤྱི་ཚོགས་འགན་བཅོལ་གྱི་བྱེད་པོའི་ནུས་པ་ཆེ་རུ་བཏང་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་དང་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་བསྡུར་ཚད་བརྟན་ལ་གོ་རིམ་ལྡན་པའི་ངང་མཐོ་རུ་གཏོང་དགོས། ཆ་རྐྱེན་དང་མཐུན་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣར་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་སྤྲོད་དགོས། ཡོང་འབབ་དམའ་བའི་མི་འབོར་གཏན་འཁེལ་བྱ་ཐབས་དང་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་བྱ་ཐབས་བཟོས་ནས། མ་མཐའི་འགན་སྲུང་གི་མཐར་ལུས་ཁྱིམ་ཚང་དང་མི་གཏོང་ཀ་མེད་ཀྱི་གཏོང་སྒོར་དཀའ་ངལ་ཡོད་པའི་ཁྱིམ་ཚང་གཏན་འཁེལ་ལས་དོན་ཕྱོགས་ཡོངས་ནས་སྤེལ་དགོས། འཚོ་བའི་འགན་སྲུང་ཚད་གཞི་དམའ་ཤོས་གཏན་འཁེལ་དང་ལེགས་སྒྲིག་ལུགས་མཐུན་བྱས་ནས། གླ་ཆ་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་ལ་གསར་སྤེལ་རྣམ་པའི་རོགས་སྐྱོར་གྱི་ནུས་པ་ཆེར་གཏོང་དང་འབབ་འཕར་གྱི་བྱ་སྤྱོད་སྤེལ་དགོས།
བསམ་འཆར་ནང་ཁ་གསལ་བསྟན་དོན། གཞི་རྩའི་སྤྱི་པའི་ཞབས་ཞུའི་དོ་སྙོམས་རང་བཞིན་ཆེ་རུ་གཏོང་དགོས། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་འཕར་འབོར་ལ་ཞབས་ཞུའི་དོན་ཚན་རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཚད་གཞིའི་ནང་དུས་ཐོག་ཏུ་འཇུག་དགོས། རྫོང་ཁོངས་གཞི་རྩའི་ཚན་པར་བྱས་ནས་སྤྱི་པའི་ཞབས་ཞུའི་འཆར་འགོད་ཁྱབ་ཚུལ་དང་། སྒྲིག་བཀོད་འཛུགས་སྐྲུན། ཐོན་ཁུངས་བཀོད་སྒྲིག ཤེས་ལྡན་པ་བཀོད་སྒྲིག་བཅས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུ་དེ་རྒྱུན་སྡོད་ས་གནས་ཀྱིས་མཁོ་འདོན་བྱེད་པར་རིམ་བཞིན་སྒྱུར་དགོས། མི་འབོར་གཅིག་སྡུད་ཆེ་བའི་གྲོང་ཁྱེར་གྱིས“གྲོང་ཁྱེར་གཅིག་ལ་སྲིད་ཇུས་གཅིག”གི་བྱ་ཐབས་ལ་བརྟེན་ནས། རྒྱུན་སྡོད་ས་གནས་ལ་གཞི་རྩའི་སྤྱི་པའི་ཞབས་ཞུའི་ལག་བསྟར་བྱ་ཐབས་བཟོ་བར་སྐུལ་འདེད་གཏོང་དགོས།
བསམ་འཆར་ནང་ནན་བཤད་བྱས་དོན། རྨང་གཞིའི་དམངས་འཚོའི་ཞབས་ཞུའི་ཀུན་ཕན་རང་བཞིན་རྒྱ་ཆེར་གཏོང་དགོས། རྨང་གཞིའི་སློབ་གསོའི་ཐོན་ཁུངས་རྒྱ་ཆེ་དང་སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་འཆར་གཞི་ལག་ལེན་བསྟར་ཏེ། ལོ་5ཙམ་སྤྱད་ནས་འོས་འགན་སློབ་གསོའི་སློབ་གྲྭའི་ཚད་ལྡན་ཅན་འཛུགས་སྐྱོང་རིམ་བཞིན་ཕྱོགས་ཡོངས་ལ་ཁྱབ་པར་བྱེད་དགོས། སྤུས་ལེགས་མཐོ་འབྲིང་དཀྱུས་མ་1000ཡན་གསར་སྐྲུན་རྒྱས་སྐྲུན་བྱས་ནས། རྫོང་ཁོངས་མཐོ་འབྲིང་དཀྱུས་མའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་གཙོ་གནད་ཐོག་ལེགས་སུ་གཏོང་དགོས། མཐོ་རིམ་སློབ་གསོའི་སྤུས་ཚད་མཐོ་རུ་དང་གཤོང་ཚད་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ནས་གསར་འཕར་མཐོ་རིམ་སློབ་གསོའི་ཐོན་ཁུངས་དབུས་ནུབ་རྒྱུད་ཀྱི་མི་འབོར་མང་བའི་ཞིང་ཆེན་ལ་འོས་འཚམ་ཕྱོགས་ཏེ། སྤུས་ལེགས་མཐོ་སློབ་དངོས་གཞིའི་ཚན་ཁག་གི་སློབ་བསྡུའི་གཞི་ཁྱོན་རིམ་བཞིན་ཆེ་རུ་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་བརྟན་གཏོང་འདུ་འགོད་ལག་ལེན་བསྟར་དགོས། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ལེགས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཚོང་ལས་ལུས་ཁམས་བདེ་ཐང་འགན་བཅོལ་གྱི་གསར་གཏོད་སྨན་རྫས་དཀར་ཆག་བཟོ་དགོས། ནུས་ཤོར་རྒན་རྒོན་ལ་ལྟ་རྟོག་བྱེད་རྒྱུ་གཙོ་གནད་དུ་བཟུང་ནས་རྒན་གསོ་ཞབས་ཞུའི་སྒྲིག་གཞིའི་སྨན་བཅོས་དང་ལུས་གསོ་ཟུང་འབྲེལ་གྱི་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་སྟེ། ནད་ཞབས་རྣམ་པའི་ནད་ཁྲི་མཁོ་སྤྲོད་བྱེད་མང་དུ་གཏོང་དགོས། ཐབས་ལམ་མང་པོ་སྤྱད་དེ་སྤྱི་པའི་བྱིས་པ་ལྟ་རྟོག་བྱེད་གནས་མང་དུ་བཏང་སྟེ། ཀུན་ཕན་བུ་བཅོལ་ཁེ་ལས་དང་བྱ་གཞག་ཚན་པའི་ལས་བཟོའི་ཕན་བདེའི་མ་ལག་ནང་འཇུག་པར་སྐུལ་འདེད་གཏོང་དགོས།
བསམ་འཆར་ནང་བཏོན་དོན། སྣ་མང་ཅན་གྱི་སྤྱི་ཚོགས་ཞབས་ཞུའི་ཁྱབ་ནུས་ཆེ་རུ་གཏོང་དགོས། སྡེ་ཁུལ་ལས་སྒྲུབ་ཁུལ་གཙོ་བོར་བརྩིས་ནས་རིགས་ཁག་གི་དམངས་ཕན་ཞབས་ཞུའི་ཐོན་ཁུངས་སྤྱི་འདོམས་སྒྲིལ་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞབས་ཞུའི་སྒྲིག་བཀོད་མཉམ་འདུས་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་ཀྱི་ལུས་རྩལ་ཐང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་བྱེད་ནུས་མཉམ་འདུས་ཀྱི་སྤྱོད་མང་ལུས་རྩལ་ཐང་མང་དུ་བཏང་སྟེ། ལུས་རྩལ་ཐང་མཁོ་འདོན་བྱེད་ཚད་བརྟན་པོའི་ངང་མང་དུ་གཏོང་དགོས། ཆ་རྐྱེན་ཡོད་པའི་རྟེན་མཛོད་ཁང་དང་། དཔེ་མཛོད་ཁང་། མཛེས་རྩལ་ཁང་སོགས་ཀྱི་རིག་གནས་ཁང་མཚན་མོ་སྒོ་འབྱེད་པར་རྒྱབ་སྐྱོར་བྱེད་དགོས། སྤྱི་པའི་སྲིད་ཇུས་བཟོ་བ་དང་། སྤྱི་པའི་སྒྲིག་བཀོད་འཛུགས་སྐྲུན། སྤྱི་པའི་ཞབས་ཞུ་མཁོ་འདོན་བཅས་བྱེད་པའི་ཁྲོད་བྱིས་པ་སྔོན་དུ་འཇོག་པའི་རྩ་དོན་དང་བྱིས་པར་མཛའ་བཤེས་འཆང་བའི་འདུ་ཤེས་དོན་འཁྱོལ་བྱེད་དགོས། སྤྱི་ཚོགས་འགན་བཅོལ་དང་། སྤྱི་ཚོགས་ཕན་བདེ། ཁྲལ་འབབ་སོགས་ཐད་ཀྱི་ཁྱིམ་ཚང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས།
བསམ་འཆར་ནང་བླང་བྱ་བཏོན་དོན། ཏང་གིས་འགོ་ཁྲིད་བྱེད་པ་དེ་དམངས་འཚོའི་ལས་དོན་གྱི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་བྱེད་དགོས། ས་གནས་ཁག་གིས་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནོར་སྲིད་གཏོང་སྒོའི་གྲུབ་ཆ་ལེགས་སུ་གཏོང་བ། གཞི་རྩའི་དམངས་འཚོའི་ནོར་ཤུགས་འགན་སྲུང་ལ་ཤུགས་རྒྱག་པ་བཅས་བྱས་ཏེ། དམངས་མཚོའི་མཐའ་ཚད་དམ་འཛིན་དང་བརྟན་པོ་ཡོང་བར་བྱེད་དགོས། དམངས་འཚོའི་སྲིད་ཇུས་གལ་ཆེན་སྡེ་ཚན་སྒྲོལ་བའི་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས། དམངས་འཚོའི་སྲིད་ཇུས་ལག་ལེན་བསྟར་བའི་ཕན་འབྲས་ལ་ཚན་རིག་དང་མཐུན་པའི་གདེང་འཇོག་བྱེད་དགོས།