དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ས་ཡུལ་དངོས་ལ་ཕྱིན་ནས་གནད་དོན་བཙལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-10

    “ལྗང་པའི་སྐྱེ་ཚུལ་ཡག་པོ་འདུག”ཞིང་གི་རྣང་མའི་སྟེང་དུ་ལངས་ནས་ལག་པས་ཨ་ཤོམ་ལ་རེག་སྐབས་ལོ་མ་ཆེ་རུ་ཕྱིན་པ་མཐོང་བས། ཧོའུ་ཏུང་ཧྲེང་གི་སེམས་པ་ལྷོད་ལ་བབས།

    ཟླ་བ་གཉིས་ལྷག་ཙམ་གྱི་གོང་། ཁོང་ས་ཆ་འདི་རང་དུ་ཁོང་ཁྲོ་ཆེན་པོ་ལངས་མྱོང་ཡོད།

    ཧོའུ་ཏུང་ཧྲེང་ནི་ཧྲན་ཤིས་ཞིང་ཆེན་ཤིན་ཀྲོའུ་གྲོང་ཁྱེར་ཤིན་ཧྥུའུ་ཆུས་ཀྱི་ཆུས་ཀྲང་གཞོན་པ་ཡིན་པ་དང་། ཞིང་ལས་གྲོང་གསེབ་དང་ཆུ་བེད་སོགས་ལས་དོན་དོ་དམ་གྱི་འགན་འཁུར་བཞིན་ཡོད། སྐབས་དེ་དུས་ཐན་པ་ཚབས་ཆེན་བསྟན་པས་ཁོང་གིས་ཞིང་ནང་དུ་ལྟ་བར་འགྲོ་རྒྱུའི་སེམས་ཐག་བཅད།

    སྔོན་ལ་ལན་མ་བཏང་བར་ཐད་ཀར་ཤིས་ཀྲང་གྲོང་རྡལ་ཧན་ཡན་གྲོང་ཚོའི་ཞིང་ནང་དུ་བསྐྱོད།

    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ཤིན་ཧྥུའུ་ཆུས་ཀྱིས་འཐབ་ས་དང་པོར་གདུབ་ཟུམ་རྣམ་པའི་བརྟག་ཞིབ་བྱེད་སྟངས་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་བྱས། “སྲོལ་རྒྱུན་གྱི་བརྟག་དཔྱད་ནི‘བརྡ་ཐོ་གཏོང་བ་དང་། གྲ་སྒྲིག་བྱེད་པ། དེ་ནས་སྙན་སེང་ཞུ་བ་བཅས’བྱེད་དགོས་ཀྱི་ཡོད། ‘དཔྱད་གཞི་གྲ་སྒྲིག’དང‘ངག་སྐྱོར’རྣམ་པའི་བརྟག་ཞིབ་ལས་གཡོལ་ཆེད། ད་ཆ་ས་ཡུལ་དངོས་ལ་ཕྱིན་ནས་གནད་དོན་བཙལ་ཏེ་སྐབས་ཐོག་ཏུ་འགན་འཁུར་ལས་བྱེད་པ་སྐད་གཏོང་གི་ཡོད”ཅེས་ཧོའུ་ཏུང་ཧྲེང་གིས་བཤད།

    ཧོའུ་ཏུང་ཧྲེང་གིས་ཞིང་ཁ་ནས་ས་སྦར་མོ་གང་ཉབ་སྟེ་ལག་མཐིལ་དུ་བསིལ་རྗེས་ཧྲོག་ཧྲོག་ཡིན་པ་ཤེས།

    “ཧྲུའུ་ཅི་རེན་ལགས། ཁྱེད་རང་འདིར་མགྱོགས་པོ་ཕེབས་དང”ཞེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རེན་ཁྲེང་ཤིའུ་ལ་ཁ་པར་བརྒྱབ།

    “ཞིང་ཁ་འདེབས་པའི་དུས་སུ་སླེབས་གྲབས་ཡོད་ཀྱང་། ད་དུང་ཞིང་ཆུ་གཏོང་རྒྱུ་ཡིན་ནམ”ཞེས་ཧོའུ་ཏུང་ཧྲེང་གིས་ཁ་གསང་ནས་བཤད།

    “ཉེ་དུས་འཕྲུལ་ཁྲོན་ལ་སྐྱོན་ཤོར་བ་མ་ཟད། མ་དངུལ་ཡང་འདང་གི་མི་འདུག”ཅེས་རེན་ཁྲེང་ཤིའུ་ཡིས་ལན་བཏབ།

    སྐད་ཆ་དྲིས་རྗེས་ཐོག་མར་གྲོང་ཚོ་དེའི་འཕྲུལ་ཁྲོན་གཉེར་སྐྱོང་མི་སྒེར་ལ་བོགས་མར་སྤྲད་ནས། གྲོང་ཚོ་ཨུ་ལྷན་གྱིས་ལོ་ལྟར་གཏན་འཇགས་ཀྱི་བོགས་དངུལ་བསྡུ་གི་ཡོད། དེ་ནས་འགན་གཙང་ལེན་མཁན་གྱིས་ཡུལ་མིའི་ས་ནས་ཞིང་ཆུ་གཏོང་བའི་འགྲོ་གྲོན་ལེན་གྱི་ཡོད། འགན་གཙང་གན་རྒྱའི་ཁ་ཆད་ལྟར་ན། གལ་སྲིད་འཕྲུལ་ཁྲོན་ལ་ཉམས་བཟོ་ཤུགས་ཆེན་བྱས་ནས་ལས་གཉེར་གྱི་མ་གནས་ལས་བརྒལ་ཚེ་གྲོང་ཚོ་ཨུ་ལྷན་གྱིས་འགན་འཁུར་དགོས་ཀྱི་ཡོད་པ་རེད།

    ཤེས་རྟོགས་གཏིང་ཟབ་བྱས་པ་བརྒྱུད། གྲོང་ཚོ་ཡོངས་ལ་འཕྲུལ་ཁྲོན་20ལྷག་ཙམ་ཡོད་ཀྱང་། རྒྱུན་གཏན་བཞིན་སྤྱོད་མི་ཐུབ་པའི་འཕྲུལ་ཁྲོན་གྱིས་གསུམ་ཆ་གཅིག་ཟིན་གྱི་ཡོད་ལ། ད་དུང་ཆུ་གཏོང་སྒྲིག་ཆས་ཁག་གཅིག་གོག་ཏོ་ཆགས་ནས་ཆུ་འཐེན་ཐུབ་ཀྱི་མེད་པའི་གནས་ཚུལ་ཧོའུ་ཏུང་ཧྲེང་གིས་ཤེས།

    གདུབ་ཟུམ་རྣམ་པའི་བརྟག་ཞིབ་བྱེད་སྟངས་ལས། “གནད་དོན་ཤེས་རྟོགས་ཙམ་ནས་ཐག་གཅོད་མི་བྱེད་པའི”ཚུལ་ངན་ལ་དམིགས་ནས་རིམ་གསུམ་མཉམ་འགུལ་གྱིས་ས་གནས་ཀྱི་གནས་ཚུལ་ཐག་གཅོད་ལམ་ལུགས་བཟོས་ཏེ། རང་སར་འགན་འཁུར་བློ་མཐུན་དང་འབྲེལ་བ་བྱས་ནས་འགན་འཁྲི་མི་ཐོག་ལ་འཁྱོལ་བར་བྱས་པ་དང་། “བརྟག་དཔྱད་ཙམ་ལས་ཞིབ་འཇུག་མི་བྱེད་པ་དང་། ཞིབ་འཇུག་བྱས་ཀྱང་ཕན་འབྲས་མི་ཐོན་པའི”སྣང་ཚུལ་ལ་དམིགས་ནས་གསལ་ཐོ་བཟོས་ཏེ་ཉིན་1ནང་རྩིས་ལེན་རྩིས་སྤྲོད་བྱེད་པ་དང་། ཉིན་3ནང་བཅོས་སྒྲིག་བྱེད་པ། ཉིན་7ནང་རྩིས་ལེན་ཐུབ་པ་བཅས་བྱེད་དགོས་ལུགས་ཁ་གསལ་བསྟན་ཡོད།

    “གང་ལྟར་འཕྲུལ་ཁྲོན་གང་མགྱོགས་ཡག་པོ་བཟོ་ཐུབ་པ་བྱེད་དགོས”ཞེས་ཧོའུ་ཏུང་ཧྲེང་གིས་ས་ཡུལ་དངོས་སུ་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་འབྲེལ་ཡོད་མི་སྣ་དང་མཐུན་སྦྱོར་འབྲེལ་བ་བྱས་ཏེ་མ་དངུལ་གྱི་ཡོང་ཁུངས་ཐག་གཅོད་བྱས།

    ཉིན་འགའི་ནང་། གྲོང་ཚོས་འཕྲུལ་ཁྲོན་ཡོད་དོ་ཅོག་ལ་ཉམས་བཟོ་བྱས་པས་དུས་ཐོག་ཏུ་ཞིང་ཆུ་གཏོང་ཐུབ་པ་བྱུང་ཡོད།

    གནད་དོན་གཅིག་ལས་གནད་དོན་གཞན་ལུ་གུ་རྒྱུད་སྦྲེལ་བཞིན་ཐོན་ཞིང་། བརྟག་ཞིབ་བྱེད་སྐབས། ཧན་ཡན་གྲོང་ཚོར་འཕྲུལ་ཁྲོན་དུས་ཐོག་ཏུ་བཟོ་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་མཉམ་སྡེབ་དཔལ་འབྱོར་གྱི་སྟོབས་ཤུགས་ཞན་པས་ཡིན་པ་ཧོའུ་ཏུང་ཧྲེང་གིས་ཤེས་རྟོགས་བྱུང་།

    “མུའུ་རེ་ནས་འབྲུ་རིགས་ག་ཚོད་ཐོན་གྱི་ཡོད་དམ” “སུར་པན་བཏབ་པའི་ཕན་འབྲས་གང་འདྲ་འདུག་གམ” “ཐོན་ལས་ཀྱི་བྱ་དགའ་དང་ཁ་གསབ་སྲིད་ཇུས་རེ་ཞུ་བྱས་ཡོད་དམ”ཞེས་ཧོའུ་ཏུང་ཧྲེང་གིས་གྲོང་ཚོ་འགའི་ལས་བྱེད་པར་དྲིས།

    གྲོང་ཚོའི་ལས་བྱེད་པས་ལན་བརྒྱབ་པ་བསམ་པ་བཞིན་བྱུང་མེད། “ཁོང་དུ་ཆུད་དགོས་ངེས་ཀྱི་ཞིང་ལས་སྲིད་ཇུས་མང་པོར་རྒྱུས་ལོན་དེ་ཙམ་ཐུབ་མེད་ལ། མང་ཚོགས་ལ་སྒྲོག་འགྲེལ་ཁ་གསལ་ཞིག་དེ་བས་ཀྱང་ཐུབ་མེད་པས། ཐོན་ལས་འཕེལ་རྒྱས་འགྲོ་བར་འགོག་རྐྱེན་བཟོས་ཡོད”ཅེས་ཧོའུ་ཏུང་ཧྲེང་གིས་ཟིན་བྲིས་དེབ་ནང་གནད་དོན་དེ་དག་བཀོད།

    ཕྱིར་ལོག་རྗེས། ཧོའུ་ཏུང་ཧྲེང་གིས་འབྲེལ་ཡོད་གནད་དོན་གསེད་བཀྲོལ་བྱས་ཏེ་སྙན་ཞུ་ཕུལ་ནས་ཆུས་དེ་གའི་འཕྲུལ་ཁྲོན་གྱི་གྲངས་འབོར་དང་གཉེར་སྐྱོང་བྱེད་སྟངས་ལ་བརྒྱུད་རིམ་ལྡན་པའི་མཐིལ་རྟོགས་བྱས་ཏེ། ཆུས་ཡོངས་ཀྱི་འཕྲུལ་ཁྲོན་དོ་དམ་ལམ་ལུགས་ཀྱི་ཡིག་ཆ་བཟོས་པ་མ་ཟད། གཞི་རིམ་ལས་བྱེད་པས་ཞིང་ལས་ཀྱི་སྲིད་ཇུས་ལ་རྒྱུས་མངའ་དེ་ཙམ་མེད་པའི་གནད་དོན་ལ་དམིགས་ནས་རྒྱུན་སྤྱོད་སྲིད་ཇུས་ཀྱི་ལག་དེབ་ཕྱོགས་བསྒྲིགས་བྱས་ནས་བཀྲམ་སྟེ་གཞི་རིམ་ལས་བྱེད་པས་ཡག་པོ་སྦྱོང་རྒྱུར་སྐུལ་ལྕག་བྱས།

    “བརྟག་ཞིབ་ཀྱི་ཕན་འབྲས་ཆེ་རུ་གཏོང་བར་གནད་དོན་ཐག་གཅོད་བྱ་རྒྱུ་ཁོ་ན་མིན་པར་ད་དུང་ཁྱབ་ཁོངས་ཚད་ལྡན་དུ་གཏོང་དགོས་པ་དེ་རེད”ཅེས་ཤིན་ཧྥུའུ་ཆུས་ཨུད་ཀྱི་རྒྱུན་ཨུ་དང་ཆུས་ཨུད་གཞུང་ལས་ཁང་གི་ཀྲུའུ་རེན་ཆིན་ཝེ་ཡིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།