དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་གསོ་པུའུ་དང་ཀྲུང་དབྱང་དྲིལ་བསྒྲགས་པུས།

    རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་སློབ་མའི་དཔེ་ཀློག་བྱ་སྤྱོད་ཀྱི་འདུ་འགོད་ཆེན་པོ་ལྔ་ལག་ལེན་བསྟར་འགོ་ཚུགས་པ།

    སློབ་གྲྭས་གཟའ་འཁོར་རེར་དཔེ་ཀློག་སློབ་ཚན་1ནས་2བར་བཀོད་སྒྲིག་བྱེད་པར་སྐུལ་ལྕག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-10

     ཉེ་ཆར། སློབ་གསོ་པུའུ་གཞུང་དོན་ཐིང་དང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་གཞུང་དོན་ཐིང་གིས《རྒྱལ་ཡོངས་གཞོན་ནུ་ལོ་ཆུང་སློབ་མའི་དཔེ་ཀློག་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་དུ་བཀྲམ་ནས། གཞོན་ནུ་ལོ་ཆུང་སློབ་མའི་དཔེ་ཀློག་བྱ་སྤྱོད་ཀྱི་ལག་བསྟར་སྤུས་ཚད་སྔར་བས་ལེགས་སུ་བཏང་སྟེ། དཔེ་དེབ་ཀློག་པ་བརྒྱུད་གཞོན་ནུ་ལོ་ཆུང་གི་མི་རིགས་རིག་གནས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། གཞོན་ནུ་ལོ་ཆུང་གི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་དང་གསར་གཏོད་ནུས་པ་ཆེ་རུ་བཏང་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད།

    བརྡ་ཐོའི་ནང་བཏོན་དོན། གཞོན་ནུ་ལོ་ཆུང་སློབ་མའི་དཔེ་ཀློག་བྱ་སྤྱོད་ཐད་སྔར་ཡོད་ཀྱི་ལས་ཀའི་རྨང་གཞིའི་ཐོག་འདུ་འགོད་ཆེན་པོ་ལྔ་གསར་གཏོད་ངང་ལག་ལེན་བསྟར་དགོས་པ་སྟེ།

    1.རིག་དཔལ་དར་བའི་སློབ་གྲྭ་འཛུགས་པའི་འདུ་འགོད་ལག་ལེན་བསྟར་ནས། དཔེ་ཀློག་འདི་ཉིད་སློབ་གྲྭའི་སློབ་གསོ་སློབ་ཁྲིད་དང་མཉམ་འདྲེས་གཏིང་ཟབ་ཀྱིས་སློབ་གྲྭས་གཟའ་འཁོར་རེར་དཔེ་ཀློག་སློབ་ཚན་1ནས་2བར་བཀོད་སྒྲིག་བྱེད་པར་སྐུལ་ལྕག་བྱས་ཏེ“ཉིན་རེར་དཔེ་ཀློག་ཆུ་ཚོད་གཅིག”དང“གཟའ་མཇུག་ཏུ་ཉིན་ཕྱེད་དཔེ་ཀློག”གི་བྱེད་སྒོ་སྤེལ་ཏེ་རིག་དཔལ་དར་བའི་རྣམ་པ་ཟབ་མོ་གཏོད་དགོས།

    2.དཔེ་ཀློག་ཐོན་ཁུངས་ལེགས་སུ་གཏོང་བའི་འདུ་འགོད་ལག་ལེན་བསྟར་ནས། ཐོན་ཁུངས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ་དང་། དཔེ་ཀློག་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། “མི་རེར་དཔེ་དེབ་རེ། བློ་རིག་གི་སྒོ་མོ་འབྱེད་པའི”བྱེད་སྒོ་སྤེལ་དགོས། དམིགས་བསལ་ཚོགས་སྤྱིར་གཅེས་སྐྱོང་བྱས་ཏེ“འོད་སྣང་སྦྱིན་པའི་འབྱུང་འགྱུར་འཆར་གཞི”དང“གྲོང་གསེབ་ཀྱི་སློབ་གྲྭའི་དཔེ་མཛོད་ཁང་གི་དར་རྒྱས་འཆར་གཞི”ལག་ལེན་བསྟར་དགོས།

    3.དཔེ་ཀློག་གི་བྱང་ཚད་སྐྱེད་སྲིང་འདུ་འགོད་ལག་ལེན་བསྟར་ནས། གཞོན་ནུ་ལོ་ཆུང་གི་དཔེ་ཀློག་སྟོན་གྲངས་ཞིབ་བཟོ་བྱེད་པ་དང་། དཔེ་ཀློག་མཛུབ་ཁྲིད་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཕ་མ་བུ་ཕྲུག་མཉམ་དུ་དཔེ་དེབ་ཀློག་པར་མཛུབ་སྟོན་བྱེད་པའི་ཐབས་ལམ་དང་ཐབས་ཇུས་འཚོལ་ཞིབ་བྱེད་དགོས།

    4.ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བའི་དཔེ་ཀློག་གི་གསར་གཏོད་འདུ་འགོད་ལག་ལེན་བསྟར་ནས། གྲངས་རིག་གིས་མཐུན་རྐྱེན་སྦྱོར་ཤུགས་ཆེ་རུ་གཏོང་བ་དང་། གྲངས་འཛིན་དཔེ་ཀློག་དང་སྲོལ་རྒྱུན་དཔེ་ཀློག་ཟུང་དུ་འབྲེལ་བར་སྐུལ་འདེད་གཏོང་བ། “AIདཔེ་ཀློག་རམ་འདེགས”གསར་སྤེལ་བྱེད་པ། སློབ་གྲྭ་འབྲིང་ཆུང་ཚང་མར“AIཀློག་གྲོགས་འཆར་གཞི”རིམ་བཞིན་ཁྱབ་པར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་རིག་ལྡན་སློབ་གསོའི་དཔེ་ཀློག་ལས་སྟེགས་པར་མ་2.0བཏོད་པ་བཅས་བྱས་ཏེ་གྲངས་འཛིན་ཅན་ལ་བརྟེན་ནས་གཞོན་ནུ་ལོ་ཆུང་གི་དཔེ་ཀློག་དང་ཚེ་གང་སློབ་སྦྱོང་ལ་འདེགས་སྐྱོར་བྱེད་དགོས།

    5.དཔེ་ཀློག་གི་གྲུབ་འབྲས་འགྲེམས་སྟོན་དང་གཞན་སྒྱུར་འདུ་འགོད་ལག་ལེན་བསྟར་ནས། གཞོན་ནུ་ལོ་ཆུང་སློབ་མས་དཔེ་དེབ་བཀླགས་རྗེས་བསམ་གཞིག་གཏིང་ཟབ་བྱེད་པར་སྐུལ་མ་གཏོང་བ་དང་། “འགྲོ་སྐྱོད་དཔེ་ཀློག”གི་བྱེད་སྒོ་སྤེལ་ཏེ་དཔེ་ཀློག་དང་བསམ་གཞིག་ཟུང་འབྲེལ་དང་ཤེས་སྦྱོར་གཅིག་མཐུན་ཡོང་བར་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།