ཟླ་དང་པོ་ནས་བཞི་པའི་བར་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་8.2%འཕར་བ།
གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་རྟོགས་བྱས་པར། འདི་ལོའི་ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་ཅུང་མགྱོགས་པོ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་26320.6ཟིན་པ་དེ་དུས་མཚུངས་ལས་8.2%འཕར་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་11285.2ཟིན་ནས་14.6%འཕར་ཡོད། ནང་འདྲེན་སྒོར་དུང་ཕྱུར་15035.4ཟིན་ནས་3.9%འཕར་ཡོད།
ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུའི་ཚོང་དོན་བརྟན་པོའི་ངང་འཕར་ཞིང་། ཟླ་དང་པོ་ནས་བཞི་པའི་བར་ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་10163.6ཟིན་ནས་5.5%འཕར་ཡོད། དེའི་ནང་ཚོང་ལས་ཞབས་ཞུ་གཞན་དག་དང་། གློག་འཕྲིན་རྩིས་འཁོར་དང་ཆ་འཕྲིན་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་ཅུང་ཆེ་ཙམ་ཡོད་པ་སྟེ། ཁག་སོ་སོར་དངུལ་འབོར་སྒོར་དུང་ཕྱུར་4310.7དང་སྒོར་དུང་ཕྱུར་3617.1ཟིན་པ་དང་འཕར་ཚད་3.4%དང་9.5%ཡིན་པ་རེད། ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུའི་ཕྱིར་གཏོང་སྒོར་དུང་ཕྱུར་5902.4ཟིན་ནས་6.1%འཕར་ཡོད། ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུའི་ནང་འདྲེན་སྒོར་དུང་ཕྱུར་4261.2ཟིན་ནས་4.6%འཕར་ཡོད། ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུའི་ཚོང་དོན་གྱི་དྲང་ཁྱད་སྒོར་དུང་ཕྱུར་1641.2ཟིན་ནས་ལོ་གོང་མའི་དུས་མཚུངས་ལས་སྒོར་དུང་ཕྱུར་152.6འཕར་ཡོད།
ཡུལ་སྐོར་ཞབས་ཞུའི་ཕྱིར་གཏོང་འཕར་ཚད་མགྱོགས་ཤོས་ཡིན་ཞིང་། ཟླ་དང་པོ་ནས་བཞི་པའི་བར་གྱི་ཡུལ་སྐོར་ཞབས་ཞུ་མུ་མཐུད་མགྱོགས་མྱུར་འཕར་བ་དང་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་7567.8ཟིན་ནས་14.7%འཕར་ཏེ་ཞབས་ཞུའི་ཚོང་དོན་གྱི་ཁྱབ་ཁོངས་ཆེ་གྲས་ཨང་དང་པོར་གྱུར་ཡོད།