ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཞིང་ལས་ལག་རྩལ་མཉམ་ལས་ཀྱི་དཔེ་མཚོན་བཏོད་པ།
ཉིན་ཤས་གོང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུལ་པོ་ཉུང་གཏོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གླེང་སྟེགས་ཧྲའན་ཤིས་ཤིས་ཨན་དུ་འཚོགས་ཤིང་། འདི་ནི་ཚོགས་ཞུགས་མི་སྣ་ཁག་གཅིག་དབྱང་ལིང་དཔེ་སྟོན་གླིང་དུ་རྟོག་ཞིབ་སོགས་ཀྱི་བྱེད་སྒོར་ཞུགས་བཞིན་པ།
ཟླ་5པའི་ཟླ་འགོར་ཤིང་ཏོག་ལན་མེ་སོས་པ་སྤྱི་རྒྱ་760བླུགས་པའི་གནམ་གྲུ་ཞིག་ཤིས་ཨན་ཞན་དབྱང་རྒྱལ་སྤྱིའི་གནམ་ཐང་ནས་ཨུ་རུ་སུའི་མོ་སི་ཁོར་འཕུར་བ་རེད། དེ་ནི་ཧྲའན་ཤིས་དབྱང་ལིང་ཞིང་ལས་མཐོ་གསར་ལག་རྩལ་ཐོན་ལས་དཔེ་སྟོན་ཁུལ(གཤམ་དུ“དབྱང་ལིང་དཔེ་སྟོན་ཁུལ”ཞེས་བསྡུ་རྒྱུ)གྱིས་མཁའ་ཐོག་ནས་ཤིང་ཏོག་ལན་མེ་ཕྱི་རྒྱལ་དུ་ཕྱིར་ཚོང་བྱེད་ཐེངས་དང་པོ་ཡིན་པ་མ་ཟད། མི་དམངས་ཤོག་སྒོར་གྱིས་རྒྱལ་སྒྲོལ་བསྡོམས་རྩིས་བརྒྱབ་པ་དེ་ཐོག་ནས་དབྱང་ལིང་དཔེ་སྟོན་ཁུལ་གྱི་རྒྱལ་སྒྲོལ་གཏོང་སྤྲོད་ཀྱིས་ཞིང་ལས་ཐོན་རྫས་ཕྱིར་གཏོང་ལ་ཚད་བརྒལ་གསར་པ་ཡོང་རྒྱུར་མཐུན་རྐྱེན་སྦྱར་བ་མཚོན་གྱི་ཡོད།
ད་ལོ་ཚུན། དབྱང་ལིང་དཔེ་སྟོན་ཁུལ་གྱིས་ཧ་སག་སི་ཐན་དང་། ཁེར་གྷི་སི་ཐན། ཨུ་རུ་སུ་སོགས་རྒྱལ་ཁབ་10ལྷག་ཙམ་ལ་ཤིང་འབྲས་སོས་པ་ཕྱིར་གཏོང་བྱས་པར་ཤིང་ཏོག་སྣ་ཁ་10ལྷག་ཙམ་ཡོད་པ་དང་ཁྱོན་ཏུན་5600ཙམ་ཟིན་གྱི་ཡོད།
2020ལོའི་ཟླ་10པར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཞིང་ལས་ལག་རྩལ་སྤེལ་རེས་གསོ་སྦྱོང་དཔེ་སྟོན་རྟེན་གཞིའི(གཤམ་དུ“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཞིང་ལས་རྟེན་གཞི”ཞེས་བསྡུ་རྒྱུ)དབྱང་ལིང་དཔེ་སྟོན་ཁུལ་དུ་སྒོ་བྱང་བཀལ་བ་རེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་ཁུངས་ཀྱི་ལེགས་ཆ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞི། འབྱུང་འགྱུར་གྱི་ཞིང་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་བཅས་ལ་གཞི་ཚུགས་པ་དང་། “སྤེལ་རེས་དང་། གསོ་སྦྱོང་། དཔེ་སྟོན”བཅས་ཀྱི་ལྟེ་བའི་ནུས་པའི་ངེས་གནས་ལ་དམིགས་ཏེ། ཞིང་ལས་ཀྱི་ཚན་རྩལ་མཉམ་ལས་དང་། ཤེས་ལྡན་པ་གསོ་སྐྱོང་། ལག་རྩལ་ཁྱབ་གདལ། དཔལ་འབྱོར་ཚོང་དོན་མཉམ་ལས་ལས་སྟེགས་བཅས་ཀྱི་ནུས་པ་བཏོན་པས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཞིང་ལས་རྟེན་གཞི་དེ་རིམ་བཞིན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་ཞིང་ལས་ལག་རྩལ་མཉམ་ལས་ཀྱི་དཔེ་མཚོན་དུ་གྱུར་ནས། ས་ཁུལ་དང་རྒྱལ་ཁབ་ཀྱི་ཞིང་ལས་དེང་རབས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ངེས་ཅན་ཐེབས་ཡོད་པ་རེད།
སྤེལ་རེས་གསོ་སྦྱོང་གིས“ཀྲུང་གོའི་ཇུས་གཞི”མཉམ་སྤྱོད་བྱས་པ།
ན་ནིང་ཟླ་9པར་ཨུ་ཟ་བྷེ་ཁི་སི་ཐན་ཞིང་ལས་པུའི་ཆུ་འདྲེན་དང་ཆུའི་གནད་དོན་ཞིབ་འཇུག་སུའོ་ཡི་མཐོ་རིམ་ཞིབ་འཇུག་པ་ས་ཅི་ཡེ་ཧྥུའུ·ཧྥར་ཧོ་ཏེ་དབྱང་ལིང་དཔེ་སྟོན་ཁུལ་དུ་ཡོང་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཞིང་ལས་རྟེན་གཞིས་གཉེར་འགན་འཁུར་བའི་ཨེ་ཤེ་ཡ་དབུས་མའི་ཐན་ཁུལ་གྱི་སྒྲིག་བཀོད་ཞིང་ལས་ཀྱི་གསོ་སྦྱོང་འཛིན་གྲྭར་ཞུགས་པ་རེད།
དབྱང་ལིང་དཔེ་སྟོན་ཁུལ་དུ་ཧྥར་ཧོ་ཏེ་དང་འདྲ་བའི་གསོ་སྦྱོང་ནང་ཞུགས་མཁན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་ཞིང་ལས་དཔོན་རིགས་དང་། ལག་རྩལ་པ། མཁས་དབང་བཅས་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། མིག་སྔའི་བར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཞིང་ལས་རྟེན་གཞིས་ཞིང་ལས་ལག་རྩལ་གྱི་ཕྱི་སྐྱོར་གསོ་སྦྱོང་དང་ཆེད་དོན་གསོ་སྦྱོང་སོགས་དུས་ཐེངས་120ལྷག་ཙམ་གཉེར་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་དང་འབྲེལ་ཡོད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཞིང་ལས་དཔོན་རིགས་དང་ལག་རྩལ་པ་2400ལྷག་ཙམ་གསོ་སྦྱོང་བྱས་པ་དང་། དཔོན་རིགས་300ལྷག་ཙམ་དབུལ་པོ་ཉུང་གཏོང་གི་ཆེད་དོན་གསོ་སྦྱོང་ནང་ཞུགས་རྒྱུ་སྒྲིག་འཛུགས་བྱས་པ། མི་ཐེངས་ཁྲི་4.2ཙམ་དྲ་ཐོག་གི་སློབ་སྦྱོང་ནང་ཞུགས་ཡོད་པ་རེད།
ལག་རྩལ་གསོ་སྦྱོང་ཕུད་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཞིང་ལས་རྟེན་གཞིས་སྣེ་ཁྲིད་པའི་ཞིང་ལས་སློབ་གསོའི་མཉམ་ལས་ཀྱང་རིམ་བཞིན་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་ཅིང་། དར་གོས་ལམ་བུའི་ཞིང་ལས་སློབ་གསོའི་ཚན་རྩལ་གསར་གཏོད་མནའ་འབྲེལ་སོགས་ཞིང་ལས་དང་འབྲེལ་བ་ཡོད་པའི་ཤེས་ལྡན་པའི་གསོ་སྐྱོང་ལས་སྟེགས་ལ་བརྟེན་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་ཞིང་ལས་མཐོ་སློབ་དང་མཉམ་དུ་རིམ་པ་མཐོ་བའི་ཤེས་ལྡན་པ་1200ལྷག་ཙམ་གསོ་སྐྱོང་བྱས་ཡོད།
དཔེ་སྟོན་ཁྱབ་གདལ་གྱིས་གསར་གཏོད་མཉམ་ལས་ལ་སྐུལ་འདེད་བཏང་བ།
ཐན་པ་བསྟན་པ་དང་ཆུ་དཀོན་པ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་ཞིང་ལས་འཕེལ་རྒྱས་ཐད་འཕྲད་པའི་ཐུན་མོང་གི་འགྲན་སློང་ཞིག་རེད།
2021ལོར། ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་ཆུ་བེད་དང་ཨར་སྐྲུན་བཟོ་སྐྲུན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀྲུའུ་ཏེ་ལན་གྱིས་ཚོགས་པའི་སྣེ་ཁྲིད་དེ་ཀྲུང་གོའི་སྔོན་ཐོན་གྱི་ཉི་ནུས་ཆུ་འདྲེན་གྲོན་ཆུང་ལག་རྩལ་དང་རིག་ནུས་ཅན་གྱི་ཆུ་ལུད་གཞི་གཅིག་ལག་རྩལ་ཨུ་ཟེ་བྷེ་ཁི་སི་ཐན་དུ་དྲངས་ནས་རྒྱ་ཁྱོན་མུའུ་100ཙམ་ཟིན་པའི་ཆུ་གྲོན་ཆུང་གི་ཞིང་ལས་དཔེ་སྟོན་གླིང་བསྐྲུན་ཡོད།
ལོ་ཤས་རིང་ཀྲུའུ་ཏེ་ལན་ཚོགས་པས་ཨུ་ཟ་བྷེ་ཁི་སི་ཐན་དུ་སྔ་རྗེས་སུ་ཐ་ཧྲི་ཀན་རྒྱལ་བཙུགས་ཞིང་ལས་སློབ་ཆེན་དང་ཐ་ཧྲི་ཀན་ཆུ་བེད་དང་ཞིང་ལས་འཕྲུལ་ཆས་བཟོ་སྐྲུན་སློབ་ཆེན་དང་མཉམ་ལས་བྱས་ནས། ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་བློ་རིག་ཆུ་འདྲེན་མཉམ་འབྲེལ་ཚོད་ལྟ་ཁང་བསྐྲུན་པ་རེད། ཀྲུའུ་ཏེ་ལན་གྱིས་ལྗང་མདོག་ནུས་རྒྱུ་གྲོན་ཆུང་གི་ཆུ་ལུད་གཞི་གཅིག་ཅན་གྱི་ཆུ་འདྲེན་མ་ལག་སྤྱད་པ་བརྒྱུད། དཔེ་སྟོན་གླིང་གི་ཆུ་སྤྱོད་ཚད་50%གྲོན་ཆུང་ཐུབ་པ་དང་། མ་གནས་40%ཆག་པ། ལོ་ཏོག་གི་ཐོན་འབབ་30%མཐོ་རུ་ཕྱིན་ཡོད་ཅེས་བཤད།
ཁེར་གྷི་སི་ཐན་དུ་གནས་པའི་ཀྲུང་ཁེར་འབྲས་ཤིང་ཤིང་སོན་འདེབས་གསོའི་ལག་རྩལ་དཔེ་སྟོན་གླིང་དུ། ཀྲུང་གོའི་རྒྱལ་ཁབ་ཀུ་ཤུའི་ཐོན་ལས་ལག་རྩལ་མ་ལག་གི་དབུ་བཞུགས་ཚན་རིག་མཁས་ཅན་ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲང་ཏུང་གིས་སྣེ་ཁྲིད་པའི་ཚོགས་པས་འབད་བརྩོན་ལོ་བདུན་ཙམ་བྱས་ཤིང་། གཙོ་བོ་དཔེ་སྟོན་གླིང་གི་ཀུ་ཤུའི་སྐྱེ་ཁམས་བཟང་པོ་དང་འཚམ་པའི་སྙེ་མཐུད་སྒྲིག་སྦྱོར་གདམ་གསེས་དང་། སྡོང་ཐུང་ཤིང་སོན་གྱི་རྒྱུད་སྤེལ་ལག་རྩལ། སྡོང་ཐུང་མཐུག་འཛུགས་ཀྱི་ནུས་ཆེའི་འདེབས་གསོའི་ལག་རྩལ་བཅས་ཀྱི་དཔེ་སྟོན་དང་ཁྱབ་གདལ་གྱི་འགན་འཁུར་གྱི་ཡོད།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་ཟུར་པ་ཀྲང་མིང་གིས། ཁོངས་ཞུགས་རྒྱལ་ཁབ་ཁག་གིས་མཉམ་དུ་ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཞིང་ལས་ལག་རྩལ་དང་ཐག་གཅོད་ཇུས་གཞི་སྤེལ་རེས་དང་། ཞིང་ལས་ཐོན་རྫས་ཉོ་ཚོང་རྒྱ་སྐྱེད། འབྲུ་རིགས་ཐོན་འབབ་མཐོར་གཏོང་། ཞིང་ལས་ཐོན་རྫས་གསོག་འཇོག་དང་ལས་སྣོན་ནུས་པ་ཆེར་གཏོང་། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ཤར་བགྲོད་ལ་སྲུང་སྐྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་ས་ཁོངས་དང་གོ་ལ་ཧྲིལ་པོའི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱས་ཡོད་ཅེས་བཤད།
ཚོང་དོན་འགྲོ་འོང་གིས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ།
མིག་སྔར། དབྱང་ལིང་རྒྱལ་སྒྲོལ་ཚོང་ཟོག་འགྲེམས་སྟོན་ཉོ་ཚོང་ལྟེ་གནས་སུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཚུད་པའི་རྒྱལ་ཁབ་35ཡི་ཞིང་ལས་ཁྱད་ལྡན་ཐོན་རྫས་དང་ལག་ཤེས་ཐོན་རྫས་སྣ་ཁ་1200ལྷག་ཙམ་འགྲེམས་ཚོང་བྱེད་བཞིན་ཡོད།
“ཉོ་ཚོང་ལྟེ་གནས་ཀྱིས་ཕྱོགས་གཉིས་པོའི་ཁེ་ལས་ལ་སྤེལ་རེས་མཉམ་ལས་བྱེད་པའི་ལས་སྟེགས་བཟང་པོ་བསྐྲུན་ནས་ཕྱོགས་གཉིས་པོའི་དབར་སྔར་བས་རྒྱུས་མངའ་ཟབ་ཏུ་གཏོང་བ་དང་མཉམ་ལས་བྱེད་པར་སྐུལ་འདེད་བཏང་ཡོད། ཕྱོགས་གཉིས་པོས་གོ་སྐབས་དམ་འཛིན་བྱས་ཏེ་ཞིང་ལས་དང་བཟའ་བཅའ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས་གཉིས་ཁེ་གཉིས་ཕན་ཡོང་བའི་རེ་བ་ཡོད”ཅེས་ཀྲུང་གོར་བཅའ་སྡོད་ཕ་ཁི་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་ཁ་ལེར·ཧ་ཧྲི་སྨི་ཡིས་བཤད།
“ང་ཚོས་ཁེ་ལས་ལ་རྒྱལ་སྒྲོལ་དྲ་ཚོང་དང་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་ལས་སྟེགས་ཡག་པོ་ཧུར་ཐག་བསྐྲུན་ནས་ཀྲུང་གོའི་ཤིང་ཏོག་ཐོན་ལས་འཕེལ་རྒྱས་ལ་སྔར་བས་སྐུལ་ཁྲིད་བྱེད་པ་དང་ཞིང་ལས་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་སྒོ་དབྱེ་ཚད་དང་གཏིང་ཟབ་ཚད་ཆེ་རུ་བཏང་སྟེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཟབ་ཏུ་གཏོང་བར་གསོན་ཤུགས་གསར་པ་སྣོན་གྱི་ཡིན”ཞེས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཞིང་ལས་རྟེན་གཞིའི་དཔལ་འབྱོར་ཚོང་དོན་མ་འཇོག་སྐུལ་སྤེལ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཝང་པིན་གྱིས་བཤད།
ཞིང་ལས་སྤེལ་རེས་མཉམ་ལས་ལས་སྟེགས་རབ་དང་རིམ་པའི་སྐུལ་ཁྲིད་འོག དབྱང་ལིང་རང་མོས་ཚོང་དོན་ཁུལ་དང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་མཉམ་འདུས་སྒུལ་ཤུགས་ལ་བརྟེན་ནས་དབྱང་ལིང་དཔེ་སྟོན་ཁུལ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་དབར་གྱི་ཞིང་ལས་དཔལ་འབྱོར་ཚོང་དོན་བྱེད་སྒོ་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད། 2024ལོར་དབྱང་ལིང་དཔེ་སྟོན་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་13.42ཟིན་ནས་ལོ་6བསྟུད་མར་ཆ་སྙོམས་20%ཡན་འཕར་ཡོད་པ་རེད།
ཀྲང་མིང་གིས“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཞིང་ལས་རྟེན་གཞི་བཙུགས་ཚུན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེང་རབས་ཞིང་ལས་ལག་རྩལ་སྤེལ་རེས་སློབ་སྦྱོང་དང་ས་གནས་དེ་གའི་ཞིང་ལས་འཕེལ་རྒྱས་ཀྱི་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་ཐོན་ཡོད། ཀྲུང་གོས་དར་སྤེལ་སྣེ་ཁྲིད་དང་ཁོངས་ཞུགས་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་ཧུར་ཐག་བྱེད་པ་བརྒྱུད་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཞིང་ལས་རྟེན་གཞིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ས་ཁུལ་གྱི་ཞིང་ལས་མཉམ་ལས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ཐུབ་པའི་ཡིད་ཆེས་ཡོད”ཅེས་བཤད།