དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་གྲོང་གསེབ་ཁོར་ཡུག་སྔར་བས་བདེ་ཐང་གནས་འཚམ་ཡོང་བར་རྒྱུན་མཐུད་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-10

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་མཚོ་སྔོན་ཞིང་ཆེན་གྱི་བདེ་ཐང་གྲོང་གསེབ་འཛུགས་སྐྲུན་གནས་ཚུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་གསལ། 2018ནས་2020ལོ་བར་གྱི་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་པའི་ལོ་གསུམ་བྱ་སྤྱོད་ཀྱི་རྨང་གཞིའི་ཐོག མཚོ་སྔོན་གྱིས་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་དང་། འཚོ་བའི་བཙོག་ཆུ། གསང་སྤྱོད་གསར་བརྗེ་དང་དེ་བཞིན་གྲོང་ཚོའི་རྣམ་པ་བཅོས་སྒྲིག་བཅས་གཙོ་གནད་དུ་བྱས་པའི་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལེགས་གཏོང་གི་ལོ་ལྔའི་བྱ་སྤྱོད་མུ་མཐུད་སྤེལ་ཏེ། གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་ལེགས་སུ་འགྲོ་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་བ་རེད།

    གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། ཞིང་འབྲོག་པའི་གསང་སྤྱོད་སྒྱུར་བཀོད་དགོས་མཁོ་གཞི་འཛིན་སར་བྱས་ཐོག་མང་ཚོགས་ཀྱི་རང་མོས་རེ་ཞུ་དང་། སྲིད་གཞུང་གི་བྱ་དགའ་དང་ཁ་གསབ་མ་དངུལ་གྱི་ཁྲིད་སྟོན། ཚན་རིག་དང་མཐུན་པར་ལག་རྩལ་རྣམ་པ་འདེམས་རོགས་བྱེད་པ་སོགས་ཀྱི་བྱེད་ཐབས་མཐའ་འཁྱོངས་བྱས་ཏེ། གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེར་སྐུལ་འདེད་བརྟན་པོ་བཏང་བ་རེད། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་གསིང་བྱེད་པའི་ཐད། གྲོང་གསེབ་དང་འབྲོག་ཁུལ་གྱི་མི་འབོར་ཁ་ཐོར་གནས་ཚད་ལ་གཞིགས་ནས་མི་འབོར་གཅིག་སྡུད་འདུས་སྡོད་ཁུལ་ལ་གཙོ་གནད་བཅོས་སྒྲིག་བྱས་ཤིང་། ཡུལ་བབ་དང་བསྟུན་ནས་བཙོག་ཆུ་སྦུག་དྲར་འཇུག་པ་དང་། གཅིག་བསྡུས་སམ་ཁ་ཐོར་གྱི་གཙང་གསིང་སྒྲིག་ཆས་སྐྲུན་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་བསྡུ་རུབ་གཙང་གསིང་བྱས་ནས་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་ཕྱིར་འབུད་དོ་དམ་ཚོད་འཛིན་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་བ་རེད། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བཅོས་སྒྲིག་བྱེད་པའི་ཐད། “གྲོང་ཚོས་བསྡུ་རུབ་བྱེད་པ་དང་། ཤང་གིས་དབོར་བ། རྫོང་གིས་གཙང་སེལ་བྱེད་པའི”བཅོས་སྒྲིག་མ་ལག་གཞི་རྩའི་ཆ་ནས་བཙུགས་པས། འཚོ་བའི་གད་སྙིགས་བསྡུ་སྐྱེལ་གཙང་སེལ་མ་ལག་གྲོང་གསེབ་དང་འབྲོག་ཁུལ་ཡོངས་ལ་གཞི་རྩའི་ཆ་ནས་ཁྱབ་ཡོད་པ་རེད། གྲོང་ཚོའི་རྣམ་པ་བཅོས་སྒྲིག་བྱེད་པའི་ཐད། རྒྱུན་རྣམ་ཅན་གྱི་སྒོ་ནས་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་སྒྲིག་འཛུགས་བྱས་ཐོག“སེལ་གསུམ་སྒྱུར་གསུམ”དམ་འཛིན་བྱ་གཞིར་བྱས་ནས་ཤང་གྲོང་དང་གྲོང་ཚོའི་སྤྱི་པའི་ས་ཁོངས་གཙོ་བོར་ཆེད་མངགས་དོ་དམ་བྱེད་མཁན་ཡོད་པ་དང་།“སྒོ་མདུན་གྱི་འགན་ལེན་གསུམ”གྱི་འགན་འཁྲི་དུད་ཚང་ལ་དཀྲི་བ་སོགས་ཀྱི་བཅོས་སྐྱོང་ལམ་སྲོལ་ཆགས་པར་སྐུལ་འདེད་བཏང་སྟེ། གྲོང་ཚོའི་འཕྲོད་བསྟེན་ཁོར་ཡུག་ལེགས་སུ་ཏན་ཏིག་བཏང་བ་རེད། 2021ལོ་ཚུན་དུ། ཞིང་ཆེན་དེ་ཡོངས་ཀྱིས་ལོ་རེར་རིམ་ཁག་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་50ལྷག་བཏང་ནས་ས་ཁུལ་ཁག་ལ་གྲོང་གསེབ་ཀྱི་གསང་སྤྱོད་སྒྱུར་བཀོད་དང་། འཚོ་བའི་གད་སྙིགས་དང་བཙོག་ཆུ་གཙང་གསིང་། གྲོང་ཚོའི་རྣམ་པ་ལེགས་གཏོང་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱ་རྒྱུའི་རྒྱབ་སྐྱོར་བྱས་ནས་གྲོང་ཚོའི་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།