ལྗོངས་ཡོངས་ཀྱི“དུང་ཕྱུར་བརྒྱ་ཡི་རྫོང”དང་པོ།
མལ་གྲོ་གུང་དཀར་རྫོང་རྒྱལ་ཁབ་ཀྱི་གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ལས་དོན་གྱི་འབྲེལ་གཏུག་ས་ཚིགས་སུ་བདམས་པ།
ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལས་དོན་གྱི་འབྲེལ་གཏུག་ས་ཚིགས་ཀྱི་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ལྗོངས་ཡོངས་ཀྱི“དུང་ཕྱུར་བརྒྱ་ཡི་རྫོང”དང་པོའི་མིང་ཐོར་ཚུད་ནས་གཟི་བརྗིད་མཚན་སྙན་དེ་ཐོབ་པའི་རང་ལྗོངས་ཀྱི་རྫོང(ཆུས)གཉིས་ཀྱི་གྲས་སུ་ཚུད་ཡོད།
ཉེ་བའི་ལོ་ཤས་རིང་། མལ་གྲོ་གུང་དཀར་རྫོང་གིས་གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་པ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས“དར་རྒྱས་ཆེན་པོ་ལྔར”སྤྱི་འདོམས་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 2024ལོར། རྫོང་དེའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་135ལས་བརྒལ་ནས་དུས་མཚུངས་ལས་7.3%འཕར་ཏེ་ལྗོངས་ཡོངས་ཀྱི“དུང་ཕྱུར་བརྒྱ་ཡི་རྫོང”དང་པོར་གྱུར་པ་དང་། གྲོང་གསེབ་ཀྱི་ཡུལ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་27122ཟིན་ནས་8.5%འཕར་བ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་3500ལས་བརྒལ་ཡོད་པ་རེད།
གཟེངས་སུ་ཐོན་པའི་དཔལ་འབྱོར་གྲངས་གཞི་དང་དམངས་འཚོ་ལེགས་སུ་ཕྱིན་པ་ལས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་མཐུད་ཟབ་ཏུ་ཕྱིན་ནས་གྲོང་གསེབ་དར་རྒྱས་ཀྱི་རྨང་གཞི་ཉིན་རེ་བཞིན་བརྟན་དུ་ཕྱིན་ཡོད་པ་རེད།
རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ལས་དོན་གྱི་འབྲེལ་གཏུག་ས་ཚིགས་འཛུགས་དོན་ནི་དཔེ་མཚོན་འཛུགས་པ་དང་ཉམས་མྱོང་ལ་ཕྱོགས་བསྡོམས་བརྒྱུད། རྒྱལ་ཡོངས་ལ་འདྲ་བཟོ་ཁྱབ་སྤེལ་ཆོག་པའི་དར་རྒྱས་གཏོང་ཐབས་མཁོ་འདོན་བྱས་ནས་མཇུག་མཐར་ཞིང་ལས་སྟོབས་ལྡན་དང་། གྲོང་གསེབ་མཛེས་པ། ཞིང་པ་ཕྱུག་པ་བཅས་ཀྱི་དམིཌ་ཚད་མངོན་འགྱུར་བྱ་ཆེད་རེད། ཐེངས་འདིར་རྒྱལ་ཡོངས་སུ་ཁྱོན་འབྲེལ་གཏུག་ས་ཚིགས་100གཏན་འཁེལ་བྱས་པ་དེ་དག་ཐོན་ལས་དང་། ཤེས་ལྡན་པ། སྐྱེ་ཁམས། རིག་གནས། རྩ་འཛུགས་བཅས་དར་རྒྱས་ཀྱི་རིགས་ཆེན་པོ་ལྔར་ཁྱབ་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིཌ་ན། མལ་གྲོ་གུང་དཀར་རྫོང་གིས་འབྱུང་འགྱུར་གྲོང་གསེབ་དར་རྒྱས་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས“གནས་ནས་གནས”ཀྱི་དཔེ་སྟོན་ལས་གྲྭ་ཧུར་ཐག་བཏོད་ཐོག “ས་ཁུལ་དང་ཁེ་ལས་ཀྱིས་མཉམ་སྒྲུབ”བྱེད་པའི་ལས་ཀའི་ལམ་སྲོལ་གཏིང་ཟབ་ཏུ་གཏོང་བ་དང་། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་མགྱོགས་མྱུར་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་ས་མཐོའི་ཁྱད་ལྡན་ཐོན་ལས་མ་ལག་འཛུགས་པ་བཅས་བྱས་ཏེ། གྲོང་གསེབ་དར་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཁྱོན་ཡོངས་ནས་འཕེལ་བར་བྱ་རྒྱུ་ཡིན་པ་རེད།