རྒྱལ་ཡོངས་ཀྱི་ལོ་ཏོག་གི་སོན་བཟང་རྟེན་གཞིར་ལྟ་སྐུལ་ཞིབ་བཤེར་བྱས་པ།
སོན་བཟོའི་ཐོག་མའི་འགག་སྒོ་ནན་པོ་བསྲུངས་ནས་སོན་འདེབས་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱས་པ།
ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ལོ་ཏོག་སོན་བཟང་གི་རྟེན་གཞིར་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ལས་དོན་བཀོད་སྒྲིག་བྱས་ཏེ་སོན་སྤེལ་དང་སོན་བཟོའི་འགག་རྩའི་ལྷུ་ཚིགས་དང་གཙོ་གནད་ས་ཁོངས་ལ་དམ་པོར་དམིགས་ཏེ། སོན་བཟོའི་ཐོག་མའི་འགག་སྒོ་ནན་པོ་བསྲུངས་ནས་ཞིང་ལས་ཐོན་སྐྱེད་ཀྱི་སོན་འདེབས་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱས་ཡོད།
ད་ཐེངས་ཀྱི་ཞིབ་བཤེར་དེ་སོན་ལས་ཀྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་དང་སོན་གྱི་སྤུས་ཚད་མཐོ་རུ་གཏོང་བ་དམིགས་ཡུལ་དུ་བྱེད་ཅིང་། ཐོག་མར་སོན་བཟོ་རྟེན་གཞིར་ལྟ་འདོམས་དང་སོན་ལ་ནད་ཡམས་ཞིབ་བཤེར་བྱ་རྒྱུ་ཟུང་འབྲེལ་བྱས་ཏེ། ཨ་གཤོམ་དང་། སྲན་ཆེན། ཆུ་འབྲས། ཞོག་ཁོག་སོགས་གཙོ་གནད་ལོ་ཏོག་ལ་དམིགས་པ་དང་། རྒྱལ་ཁབ་རིམ་པའི་སོན་བཟོའི་རྫོང་ཆེ་གྲས་དང་ས་ཁོངས་རང་བཞིན་གྱི་སོན་བཟང་གསོ་སྤེལ་རྟེན་གཞི་སོགས་ལ་གཙོ་བོར་དམིགས་པ། སོན་ཐོན་སྐྱེད་ཐོ་འགོད་དང་། སོན་གྱི་སྣ་ཁའི་བདག་ཁོངས། མ་སོན་གྱི་འབྱུང་ཁུངས། ནད་ཡམས་བརྟག་དཔྱད་རང་བཞིན་གྱི་གནོད་ལྡན་སྐྱེ་དངོས་སོགས་ལ་ལྟ་སྐུལ་ཞིབ་བཤེར་བཅས་བྱས་ཏེ། རང་དགར་སོན་གང་བྱུང་བཟོ་བ་དང་། མ་སོན་རྐུ་བ། ལག་ཁྱེར་མེད་པར་ཐོན་སྐྱེད་བྱེད་པ། གཏན་འབེབས་ལྟར་ཐོ་འགོད་མི་བྱེད་པ་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ་རེད།
ཟླ་6པའི་ཟླ་དཀྱིལ་ནས་བཟུང་། ཞིང་ལས་དང་གྲོང་གསེབ་པུས་ལས་དོན་ཚོགས་ཆུང་6ཀན་སུའུ་དང་། ཤིན་ཅང་། སི་ཁྲོན་སོགས་སོན་བཟོའི་གཙོ་གནད་ས་ཁུལ་དུ་མངགས་ནས་ས་གནས་ས་ཐོག་ཏུ་འཐེན་བཤེར་ཞིབ་བཤེར་དང་ལྟ་འདོམས་ཁྲིམས་སྒྱུར་བྱ་རྒྱུ་རེད། དེ་དང་ཆབས་ཅིག སྤྱི་བདེ་སོགས་སྡེ་ཚན་དང་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་ཁོངས་སྒྲོལ་བའི་གྱོད་གཞི་ཚབས་ཆེན་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། རྡུང་རྡེག་གཏོང་བའི་སྤུས་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། གྱོད་གཞི་ཚབས་ཆེན་རྒྱུན་མཐུད་དམར་འདོན་བྱེད་པ་བཅས་བྱས་ཏེ། ཟིལ་ཤུགས་དྲག་པོ་ཆགས་པར་བྱེད་པ་དང་སོན་བཟོའི་རྟེན་གཞིའི་སྒྲིག་ལམ་བཟང་པོ་དང་སོན་གྱི་སྤུས་ཚད་ལེགས་པའི་ཆུ་ཚད་འགན་ལེན་བྱས་ཏེ། འབྲུ་དང་པད་ཁའི་གཞི་ཁྱོན་ཆེ་བའི་མུའུ་རེའི་ཐོན་ཚད་མང་དུ་འགྲོ་བར་སོན་ཁུངས་ཀྱི་འདེགས་སྐྱོར་བརྟན་པོ་བྱེད་རྒྱུ་རེད།