དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཆུས་ཀྲེ་ཧན།   |     སྤེལ་དུས།  2025-06-09

    ཉེ་ཆར། ནོར་སྲིད་པུའུ་དང་། སྐྱེ་ཁམས་ཁོར་ཡུག་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ཆུ་བེད་པུའུ། རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུས་བཅས་ཀྱིས《འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)དང་། 《གཙང་པོ་ཆེན་པོ་དང་ཆུ་བོ་ཆེན་པོའི་གཞུང་རྒྱུན་གྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ)མཉམ་དུ་བཀྲམ་ཞིང་། ནོར་སྲིད་པུའི་འབྲེལ་ཡོད་འགན་འཁུར་བས《བསམ་འཆར》དང《ལག་བསྟར་ཇུས་གཞི》ལ་གསལ་འགྲེལ་བརྒྱབ་པ་རེད།

    ཁ་གསབ་ལམ་སྲོལ་གྱི་སྐྱེ་ཁམས་ཕན་འབྲས་དང་། དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ།

    གང་འདྲ་ཞིག་ལ་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་ཟེར་རམ། མདོར་བསྡུས་ནས་བཤད་ན། སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོང་ས་ཁུལ་དང་ཕན་པ་ཐོབ་པའི་ས་ཁུལ་དབར་མ་གནས་མཉམ་འཁུར་དང་། ཕན་འབྲས་མཉམ་སྤྱོད། མཉམ་ལས་མཉམ་སྐྱོང་བཅས་ཀྱི་ལམ་སྲོལ་འཛུགས་པར་ཟེར།

    ཤིན་ཨན་གཙང་པོ་བཅོས་སྐྱོང་ལ་ཆ་བཞག་ན། གཙང་པོ་དེ་ཨན་ཧུའེ་ཧོང་ཧྲན་གྲོང་ཁྱེར་ཞིའུ་ཉིང་རྫོང་ལིའུ་ཀུའུ་ཅན་ནས་རྒྱུག་ཡོང་བ་དང་། ཆུ་གཞུང་གི་རིང་ཚད་ལ་སྤྱི་ལེ་359ཡོད་པའི་ནང་གསུམ་ཆ་གཉིས་ཨན་ཧུའེ་ཡི་མངའ་ཁོངས་སུ་ཡོད། ཧོང་ཧྲན་གྲོང་ཁྱེར་ཧྲེ་རྫོང་བརྒྱུད་ནས་ཀྲེ་ཅང་ཧང་ཀྲོའུ་གྲོང་ཁྱེར་ཁྲོན་ཨན་རྫོང་ནས་རྒྱུག་པ་དང་། དེ་ནས་སྨད་རྒྱུད་ཀྱི་ཆན་ཏའོ་མཚེའུ་དང་ཧྥུའུ་ཁྲུན་གཙང་པོར་བཞུར་ནས་ཆན་ཐང་གཙང་པོར་འདྲེས་ཀྱི་ཡོད།

    དུས་རབས་འདིའི་དུས་འགོར། ཧོང་ཧྲན་ས་ཆ་དེ་ཉིད་བཟོ་ལས་ཅན་དང་གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་བའི་མགྱོགས་མྱུར་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་ཤིང་། བཙོག་ཆུ་དང་གད་སྙིགས་དག་ཤིན་ཨན་གཙང་པོ་བརྒྱུད་ཆན་ཏའོ་མཚེའུ་ཡི་ནང་བཞུར་ནས་འབབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ལ་འགྲན་སློང་ཆེན་པོ་འཕྲད་ཡོད། 2012ལོར་ཨན་ཧུའེ་དང་ཀྲེ་ཅང་གིས་ཤིན་ཨན་གཙང་པོ་བཅོས་སྐྱོང་ཐད“ཆུ་སྤུས་རྒྱན་འཇོག”གི་གྲོས་མཐུན་བཞག་པ་སྟེ། རེས་སྐོར་དང་པོའི་དུས་ཡུན་ལོ་3ཡིན་པ་དང་། ཨན་ཧུའེ་དང་ཀྲེ་ཅང་སོ་སོས་ལོ་ལྟར་མ་དངུལ་སྒོར་དུང་ཕྱུར་1བཏང་ནས་ཁ་གསབ་ཐེབས་རྩ་བཙུགས་ཏེ་ས་ཁོངས་བརྒལ་བའི་བཤགས་ངོས་ཆུ་སྤུས་ལ་ཞིབ་དཔྱད་བྱ་རྒྱུ་ཡིན་ཞིང་། ཚད་ལོན་ན་ཀྲེ་ཅང་གི་སྒོར་དུང་ཕྱུར་1དེ་ཨན་ཧུའེ་ལ་སྤྲོད་རྒྱུ་དང་། ཚད་མ་ལོན་ན་ཨན་ཧུའེ་ཡི་སྒོར་དུང་ཕྱུར་1དེ་ཀྲེ་ཅང་ལ་སྤྲོད་རྒྱུ་བྱས་ཡོད།

    གྲོས་མཐུན་དེའི་ལྕག་སྐུལ་ཕན་འབྲས་མངོན་གསལ་དོད་ཅིང་། 2012ལོ་ནས་བཟུང་། ཤིན་ཨན་གཙང་པོ་ཞིང་ཆེན་བརྒལ་བའི་བཤགས་ངོས་ཀྱི་ཆུ་སྤུས་བསྟུད་མར་ལོ་12རིང་ས་ངོས་ཆུའི་ཁོར་ཡུག་སྤུས་ཚདⅡརིགས་ཀྱི་ཚད་གཞིར་སླེབས་པ་དང་། ལོ་ལྟར་ཆན་ཏའོ་མཚེའུར་སྤུས་ལེགས་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་70འདྲེན་གྱི་ཡོད།

    འབྲེལ་ཡོད་སྡེ་ཚན་ཁག་གིས་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཕན་འབྲས་ཅུང་ཡག་པོ་ཐོན་ཡོད། “གཙོ་གནད་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་པར་སྐུལ་འདེད་བརྟན་པོ་གཏོང་གི་ཡོད” མིག་སྔའི་བར། སྲིད་ཇུས་དང་མ་དངུལ་གྱི་ཁྲིད་སྟོན་བརྒྱུད་ཞིང་ཆེན་24ལ་ཞིང་ཆེན་བརྒལ་བའི་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་30འཛུགས་པར་སྐུལ་འདེད་བཏང་བ་དང་། ཅང་སུའུ་དང་། ཧྥུའུ་ཅན། སི་ཁྲོན། ཡུན་ནན་སོགས་ཞིང་ཆེན་དུ་ཞིང་ཆེན་ནང་ཁུལ་གྱི་གཙོ་གནད་འབབ་རྒྱུད་ཀྱི་ཁ་གསབ་ལམ་སྲོལ་ཡོངས་སུ་ཁྱབ་ནས་འབབ་རྒྱུད་ཀྱི་མཉམ་འགོག་མཉམ་སྡོམ་གྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་ཡོད་ཅེས་ནོར་སྲིད་པུའི་འབྲེལ་ཡོད་འགན་འཁུར་བས་བརྗོད།

    འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་རིམ་བཞིན་འཐུས་སྒོ་ཚང་དུ་སོང་ཞིང་། 2016ལོར་ནོར་སྲིད་པུས་སྣེ་ཁྲིད་ནས《འབབ་རྒྱུད་ཀྱི་སྟོད་སྨད་དུ་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་མགྱོགས་མྱུར་འཛུགས་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་སྟེ། འབབ་རྒྱུད་ཀྱི་སྐྱེ་ཁམས་ཁ་གསབ་ཀྱི་ཚད་གཞི་དང་བྱེད་སྟངས་སོགས་གནད་དོན་གལ་ཆེན་ཁ་གསལ་བཟོས་ཡོད། དེ་རྗེས་སླར་ཡང་འབྲི་ཆུ་དང་རྨ་ཆུའི་འབབ་རྒྱུད་ཧྲིལ་པོར་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་སྲིད་ཇུས་ཡིག་ཆ་གཅིག་རྗེས་གཉིས་མཐུད་ངང་བཏོན་ཡོད།

    ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་དཀའ་གནད་དང་འགག་གནད་བསལ་བ་དང་། “དུས་ཚོད་རེའུ་མིག”དང“ལམ་ཐིག་ས་བཀྲ”ཁ་གསལ་བཟོ་བ།

    རི་བོ་སྔར་བས་སྔོ་ལྗངདང་ཆུ་བོ་སྔར་བས་དྭངས་གཙང་ཡོང་བར་ལམ་ལུགས་ཀྱིས་སྲུང་སྐྱོང་བྱ་རྒྱུར་རྒྱུན་མཐུད་ཤུགས་སྣོན་རྒྱག་དགོས།

    “མིག་སྔར། ས་ཁུལ་ཁག་གཅིག་དབར་འཕྲེད་ཕྱོགས་ཁ་གསབ་བྱེད་པར་ད་དུང་དཀའ་གནད་དང་འགག་ས་འཕྲད་ཡོད་པས་ཁ་གསབ་གྲོས་མཐུན་འཇོག་པ་དང་གྲོས་མཐུན་ལག་བསྟར་སོགས་ཀྱི་ལྷུ་ཚིགས་སྔར་བས་ཚད་ལྡན་དུ་བཟོ་དགོས” ད་རེས་སྡེ་ཚན་5ཡིས《བསམ་འཆར》དང《ལག་བསྟར་ཇུས་གཞི》མཉམ་དུ་བཀྲམ་སྟེ་དུས་སྐབས་གསར་པའི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་གྱི་ལས་ཀའི་དམིགས་ཚད་དང་། གཙོ་གནད་ལས་འགན། ཞིབ་ཕྲའི་བྱེད་ཐབས་བཅས་ཁ་གསལ་བཟོས་པ་དང་། ས་གནས་གཙོ་བོར་བྱེད་པ་དང་ཀྲུང་དབྱང་གིས་རྒྱབ་སྐྱོར་ཁྲིད་སྟོན་བྱེད་པ་ཁ་གསལ་བཟོས་པ། “གཅིག་གྱུར་དང་ལོགས་དབྱེ་ཟུང་འབྲེལ”གྱི་མཉམ་སྤྱོད་བྱེད་སྟངས་མཐའ་འཁྱོངས། “སུས་སྦགས་བཙོག་བཟོས་ན་དེས་བཅོས་སྐྱོང་དང་སུས་སྲུང་སྐྱོང་བྱས་ན་དེར་ཕན་པ་ཐོབ་པ”མཐའ་འཁྱོངས། ཕྱོགས་ཡོངས་ནས་ཁྱབ་པ་དང་དབང་འགན་འདྲ་མཚུངས། མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱེད་སྟངས་མགྱོགས་པོར་འཛུགས་པ་བཅས་བྱས་ནས་ས་ཁོངས་དབར་གྱི་མཉམ་འགུལ་ཡག་པོ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་བསྐྲུན་རྒྱུ་ཡིན་ཞེས་གོང་གསལ་གྱི་འགན་འཁུར་བས་བརྗོད་པ་རེད།

    ཡིག་ཆ་དེ་གཉིས་ནང་ཉེ་དུས་དང་ཕུགས་ཀྱི་དུས་མཚམས་དབྱེ་བའི་དམིགས་ཚད་ཁ་གསལ་བཟོས་ཡོད་པ་སྟེ། 2027ལོར་སླེབས་སྐབས་འབྲི་ཆུ་དང་རྨ་ཆུའི་ཆུ་གཞུང་གཅིག་གྱུར་གྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་རྒྱུ་དང་། ས་གནས་ཁག་ཏུ་ཁོངས་གཏོགས་ཁུལ་ནང་གི་གཞུང་རྒྱུན་ལ་ཁྱབ་པའི་ས་ཁོངས་བརྒལ་བའི་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་གཞི་རྩའི་ཆ་ནས་འཛུགས་རྒྱུ། འབབ་རྒྱུད་ལས་བརྒལ་བའི་ཆུ་འདྲེན་ལས་གྲྭ་གལ་ཆེན་གྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་རྒྱུ། ནགས་ཚལ་དང་། རྩྭ་ཐང་། རླུང་ཁམས་ཆེན་པོ། འདམ་ར། བྱེ་ཐང་། རྒྱ་མཚོ། ཆུ་རྒྱུན། རྨོ་ཞིང་སོགས་སྐྱེ་ཁམས་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོའི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་པར་ཕན་པའི་འཚོལ་ཞིབ་བྱ་རྒྱུ་རེད། 2035ལོར་སླེབས་སྐབས་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། འབྲི་ཆུ་དང་རྨ་ཆུ་སོགས་གཙོ་གནད་འབབ་རྒྱུད་ཀྱི་གཞུང་རྒྱུན་དང་དེའི་ཆུ་ཕྲན་གལ་ཆེན་ལ་ཁྱོན་ཡོངས་ནས་ཁྱབ་རྒྱུ་མ་ཟད། ཁྱབ་ཁོངས་དེ་བས་རྒྱ་ཆེ་བ་དང་། ནང་དོན་དེ་བས་གཏིང་ཟབ་པ། རྣམ་པ་དེ་བས་ཕུན་སུམ་ཚོགས་པ་བཅས་ཀྱི་ཕྱོགས་སུ་རྒྱ་སྐྱེད་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ཇེ་མཐོར་འགྲོ་བ་དང་། སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་འགྲོ་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགན་སྲུང་ནུས་ལྡན་ཐུབ་པ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དེ་བས་འཐུས་སྒོ་ཚང་དུ་འགྲོ་བ་བཅས་བྱ་རྒྱུ་དང་འབྲེལ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་བྱ་རྒྱུ་རེད།

    “རང་བརྟེན”བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྟ་འདོམས་ནན་པོ་བྱས་ཏེ་ཁྲོམ་ར་ཅན་དང་སྣ་མང་ཅན་གྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་བ།

    སྲུང་སྐྱོང་བྱེད་མཁན་དང་ལེགས་སྐྱེས་འབུལ་མཁན་ལ་ཕན་པ་དངོས་ཐོབ་ཏུ་འཇུག་དགོས། ནོར་སྲིད་པུས་འབྲེལ་ཡོད་ཕྱོགས་དང་མཉམ་དུ་ཁྲོམ་ར་ཅན་དང་སྣ་མང་ཅན་གྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་སྐྱེ་ཁམས་ཐོན་རྫས་མཁོ་སྤྲོད་བྱ་ཡུལ་དང་ཕན་པ་ཐོབ་མཁན་དབར་མཉམ་འགུལ་ཡག་པོ་ཡོང་བ་བྱ་རྒྱུ་ཡིན་པ་རེད།

    བྱེད་ཐབས་གཙོ་བོའི་ནང་། ཐཱན་འབུད་དབང་ཆ་དང་། བཙོག་འབུད་དབང་ཆ། ཆུ་སྤྱོད་དབང་ཆ་སོགས་ཐོན་ཁུངས་རྒྱུ་རྐྱེན་གཙོ་བོའི་ཉོ་ཚོང་ཁྲོམ་ར་མགྱོགས་མྱུར་གསོ་སྐྱོང་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་གི་ཁེ་དབང་ལུགས་མཐུན་ངང་དབྱེ་མཚམས་གཏན་འཁེལ་དང་བཀོད་སྒྲིག་བྱས་ཏེ་སྐྱེ་ཁམས་ཀྱི་ཕན་པ་ཐོབ་མཁན་གྱིས་སྐྱེ་ཁམས་སྲུང་སྐྱོང་བྱེད་མཁན་ལ་ཁ་གསབ་སྤྲོད་རྒྱུར་ཁྲིད་སྟོན་བྱེད་པ་དང་། སྐྱེ་ཁམས་ཐོན་ལས་དགེ་མཚན་ལྡན་ལ་བརྟན་པོའི་ངང་འཕེལ་རྒྱས་བཏང་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཁེ་ཕན་མཉམ་སྤྱོད་ལམ་སྲོལ་འཛུགས་པ། སྲིད་གཞུང་གི་མ་འཇོག་ཐེབས་རྩའི་སྐུལ་སྤེལ་ནུས་པ་གང་ལེགས་བཏོན་ནས་སྤྱི་ཚོགས་ཀྱི་མ་རྩ་སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་ནང་ཧུར་ཐག་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་བཅས་ཚུད་ཡོད། དེ་དང་ཆབས་ཅིག་ས་གནས་ཀྱིས་སྔོན་ལ་ཚོད་ལྟ་དང་ལག་བསྟར་བྱས་ཏེ་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱེད་པའི་རྨང་གཞིའི་ཐོག་ཡུལ་བབ་དང་བསྟུན་ནས་ནགས་ཚལ་དང་། རྩྭ་ཐང་། རླུང་ཁམས་ཆེན་པོ། འདམ་ར། བྱེ་ཐང་། རྒྱ་མཚོ། ཆུ་རྒྱུན། རྨོ་ཞིང་སོགས་སྣ་མང་ཅན་གྱི་ཁ་གསབ་ཐབས་ལམ་འཚོལ་ཞིབ་དང་རྒྱ་སྐྱེད་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་དེ་སྲིད་གཞུང་གི་མ་དངུལ་རྐྱང་པའི་ཁ་གསབ་ནས་སྣ་མང་ཅན་གྱི་ཁ་གསབ་བྱེད་སྟངས་བར་དང་། མཉམ་ལས་བཅོས་སྐྱོང་ནས་ཐུན་མོང་འཕེལ་རྒྱས་བར། “གཞན་བརྟེན་རྣམ་པ”ནས“རང་བརྟེན་རྣམ་པ”བར་བཅས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

    སྡེ་ཚན་དབར་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་རྗེས་ལ་གདེང་འཇོག་བྱས་ཏེ་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། 《ལག་བསྟར་ཇུས་གཞི》གཞིར་བཟུང་ནོར་སྲིད་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་ཁག་དང་མཉམ་དུ་མཉམ་འབྲེལ་ལས་རྗེས་དཔྱད་བསྡུར་ཚོགས་ཆུང་བཙུགས་ནས་ཁ་གསབ་མ་དངུལ་གྱི་ལས་རྗེས་ལ་གདེང་འཇོག་བྱས་ཏེ་ཁ་གསབ་མ་དངུལ་གྱི་ལས་རྗེས་ལ་གདེང་འཇོག་བྱས་པའི་འབྲས་བུ་དེ་ཡོངས་བསྒྲགས་བྱེད་པར་སྐུལ་འདེད་བཏང་ནས་ཁ་གསབ་མ་དངུལ་བེད་སྤྱོད་ཁ་གསལ་གཏིང་གསལ་ཡོང་བར་ཤུགས་སྣོན་རྒྱག་དགོས། སྲུང་སྐྱོང་བཅོས་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་མི་འདང་བ་དང་ཐོལ་བྱུང་གི་ཁོར་ཡུག་དོན་རྐྱེན་ཚབས་ཆེན་ཐོན་པ་སོགས་ཀྱི་རྐྱེན་པས་འབྲི་ཆུའི་སྨད་རྒྱུད་ཞིང་ཆེན་ལ་ཤུགས་རྐྱེན་ཐེབས་རིགས་ལ་ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་འཕྲི་འཐེན་སོགས་ཀྱི་བྱེད་ཐབས་སྤྱད་ཆོག་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།