དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོ་ཕྱོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་མེད་ན་ང་ཚོར་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ག་ལ་ཡོང”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཀོན་ཁེ་ཅང་། ལིའུ་ཅུན་གོ   |     སྤེལ་དུས།  2025-06-09

    ལན་སི་འཇིག་རྟེན་འཕུར་སྐྱོད་ཀུང་སིའི་ལས་མི་ཚང་མ་ཨོ་མན་ནས་བསྡུས་པ་དང་། འབྲེལ་ཡོད་ལག་རྩལ་པ་ཁག་གཅིག་ཀྲུང་གོ་ནས་གསོ་སྦྱོང་བྱས་པ།

    འདི་ནི་ཨོ་མན་གྱི་སྲུང་སྐར་དང་པོ་འཕེན་གཏོང་བྱས་ནས་ཆུ་ཚོད་ཁ་ཤས་སོང་རྗེས། བར་སྣང་དུ་སླེབས་པའི་རྣམ་པ་ཡིན་པ།

    ཨོ་མན་གྱི་རྒྱལ་ས་མ་སི་ཁ་ཐེ་ཡི་ལན་སི་འཇིག་རྟེན་འཕུར་སྐྱོད་ཀུང་སིའི་གཉེར་སྐྱོང་ལྟེ་གནས་ཀྱི་བརྙན་ཤེལ་ཆེན་པོའི་ཐོག་དཔྱད་གྲངས་རབ་དང་རིམ་པ་རྒྱུན་ཆད་མེད་པར་གསར་བརྗེས་བྱེད་ཀྱི་ཡོད། ལས་དོན་པ་ཁ་ཤས་ཀྱིས་བརྙན་ཤེལ་ལ་ལྡིར་ནས་ཨོ་མན་གྱི་མིས་བཟོས་སྲུང་སྐར་དང་པོ་སྟེ། ཨོ་མན་གྱི་རིག་ནུས་རྒྱང་ཚོར་སྲུང་སྐར་དང་པོའི(གཤམ་དུ“ཨོ་མན་གྱི་སྲུང་སྐར་དང་པོ”ཞེས་བསྡུ་རྒྱུ)འཁོར་སྐྱོད་གནས་ཚུལ་ལ་རྗེས་སྙེག་བྱེད་བཞིན་ཡོད། ལན་སི་འཇིག་རྟེན་འཕུར་སྐྱོད་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཧྲ་ཡན་ཅུས་ཀྱིས“མིག་སྔར་སྲུང་སྐར་འདི་ཞི་བདེ་རྒྱ་མཚོ་ཆེན་པོའི་མཁའ་དབྱིངས་སུ་གནས་ཡོད། སྔོན་དཔག་བྱས་ན་ཆུ་ཚོད་ཁ་ཤས་ཀྱི་རྗེས་སུ་ཨོ་མན་ནས་འཕུར་རྒྱུ་རེད”ཅེས་བཤད།

    “མཁའ་དབྱིངས་རྩིས་རྒྱག་མ་ལག་འཕེལ་རྒྱས་གཏོང་བར་ལག་རྩལ་གྱི་རྨང་གཞི་བརྟན་པོ་མཁོ་འདོན་བྱས་ཡོད”

    ཨོ་མན་གྱི་སྲུང་སྐར་དང་པོ་2024ལོའི་ཟླ་11པར་མཁའ་དབྱིངས་སུ་འཕེན་གཏོང་བྱས། རྣམ་གྲངས་དེ་ས་ངོས་སྲུང་སྐར་གཉིས་པའི་བར་སྟོང་ལག་རྩལ(ཧང་ཀྲོའུ)ཚད་ཡོད་ཀུང་སིས(གཤམ་དུ“ས་ངོས་སྲུང་སྐར་གཉིས་པ”ཞེས་བསྡུ་རྒྱུ)སྤྱི་ཡོངས་ནས་སྣེ་ཁྲིད་ལག་བསྟར་བྱས་པ་ཞིག་ཡིན་པ་དེ་ནི་ཕྱི་རྒྱལ་ལ་རྩིས་སྤྲད་པའི་ཀྲུང་གོའི་ཚོང་ལས་སྲུང་སྐར་དང་དེ་བཞིན་ས་ངོས་ཐག་གཅོད་ཇུས་གཞི་ཐོག་མ་ཡིན་ལ། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དང་མཉམ་དུ་འཇིག་རྟེན་འཕུར་སྐྱོད་མཉམ་ལས་དང“བར་སྣང་དར་གོས་ལམ་བུ”བསྐྲུན་པའི་ལག་ལེན་དངོས་ཀྱང་ཡིན།

    ལན་སི་འཇིག་རྟེན་འཕུར་སྐྱོད་ཀུང་སིའི་ཁྲོམ་ར་པུའི་ཅིང་ལི་ཨ་ལི·ཝ་ཧ་པིས“ཀྲུང་གོ་ཕྱོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་མེད་ན་ང་ཚོར་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ག་ལ་ཡོང”ཞེས་བརྗོད་པ་རེད།

    ས་ངོས་སྲུང་སྐར་གཉིས་པའི་མཉམ་ལས་པ་ཧྥན་ཏན་དབྱིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཨོ་མན་གྱི་སྲུང་སྐར་དང་པོའི་འཁོར་སྐྱོད་གནས་ཚུལ་ཡག་པོ་ཡོད་ཅིང་། ད་ལོའི་ཟླ་4པའི་ཟླ་མཇུག་བར་སའི་གོ་ལར་སྐོར་བ་2580ལྷག་ཙམ་བརྒྱབ་ནས་ཚད་ལེན་ཚོད་འཛིན་གྱི་ལས་འགན་600ལྷག་ཙམ་དང་གྲངས་གཞི་བརྒྱུད་གཏོང་གི་ལས་འགན་200ལྷག་ཙམ་ལེགས་གྲུབ་ཟིན་ཡོད་ལ། གྲངས་གཞི་བསྡུ་ལེན་བྱེད་ཚད་ཀྱང་ཡིག་ཚིགས་སྟོང་ཀྲའོ་5000ཙམ་ཟིན་ཡོད། སྲུང་སྐར་འཁོར་ལམ་དུ་འཛུལ་རྗེས། ལས་སྟེགས་རང་བཤེར་དང་། འཁོར་ལམ་ནས་འབྱེད་ཚད་མཐོ་བའི་པར་ཆས་ལ་སྙོམ་སྒྲིག་དང་། བརྙན་གྲུབ། འགྱེད་འཕྲོའི་ཚད་གཞི་གཏན་འཁེལ། དབྱིབས་རྩིས་ཚད་གཞི་གཏན་འཁེལ། གྲངས་གཞི་འཚོལ་བསྡུའི་མ་ལག་ཚོད་ལྟ། མིས་བཟོས་རིག་ནུས་ཐག་གཅོད་ཀྱི་གོ་རིམ་ར་སྤྲོད་སོགས་ཀྱི་འགག་རྩའི་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱས་པ་རེད། གྲུབ་འབྲས་དེ་དག་གིས“བར་སྣང་རྩིས་རྒྱག་མ་ལག་གི་འཕེལ་རྒྱས་ལ་ལག་རྩལ་གྱི་རྨང་གཞི་བརྟན་པོ་བཏིང་ཡོད”ཅེས་བརྗོད།

    “འཕེལ་རྒྱས་ཀྱི་གོ་སྐབས་ཀྱིས་ཁེངས་པའི་འབྱུང་འགྱུར་ཞིག་བཏོད་ཡོད”

    འཇིག་རྟེན་འཕུར་སྐྱོད་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་ནི་ཨོ་མན་གྱི“2040ལོའི་རེ་འདོད”དམིགས་ཚད་ཀྱི་གྲས་ཤིག་རེད། 2020ལོར་ཨོ་མན་གྱིས་ཆེད་མངགས་རྒྱལ་ཁབ་བར་སྟོང་དང་། སྔོན་ཐོན་ལག་རྩལ། མིས་བཟོས་རིག་ནུས་ལྟེ་གནས་བཅས་བཙུགས་ནས། རྒྱལ་ཁབ་དེའི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་འཕེལ་རྒྱས་འགྲོ་བར་སྤྱི་འདོམས་བྱས་པ་རེད། ཨོ་མན་གྱི《ལྟ་ཞིབ་པའི་ཚགས་པར》ཐོག་ཨོ་མན་གྱི་སྲུང་སྐར་དང་པོས་ཨོ་མན་གྱི་ལག་རྩལ་གསར་གཏོད་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་སྟེ། “འཕེལ་རྒྱས་ཀྱི་གོ་སྐབས་ཀྱིས་ཁེངས་པའི་འབྱུང་འགྱུར་ཞིག་བཏོད་ཡོད”ཅེས་འཁོད་ཡོད། ཨོ་མན་གསར་འགྱུར་ཁང་གིས་ཨོ་མན་འདི་ཉིད་བར་སྣང་ལག་རྩལ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད་པས། འབྱུང་འགྱུར་གོ་ལ་ཧྲིལ་པོའི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་པའི་ངོས་འཛིན་བྱས་ཡོད།

    ཨོ་མན་གྱི་སྲུང་སྐར་དང་པོའི་ཐོག་གཙོ་བོ་ཁྱོན་མདོག་འབྱེད་ཚད་སྨི་1དང་འོད་ཤལ་མང་བའི་འབྱེད་ཚད་སྨི་4ཡོད་པའི་འོད་རིག་པའི་པར་ཆས་བསྒར་ཡོད་པ་དང་། དེར་རིང་ཤོས་སུ་སྐར་མ་45བསྟུད་མར་པར་རིས་བརྙན་དུ་གྲུབ་པའི་ནུས་པ་ལྡན་ཡོད་པ་རེད། སྲུང་སྐར་དེར་སྐར་མའི་ཐོག་གི་རིག་ནུས་ཐག་གཅོད་ནུས་པ་ལྡན་པས། སྤྲིན་རྩིས་ཞིབ་དཔྱད་ཚད་ལེན་དང་། རིག་ནུས་བཀར་འཇུག དམིགས་ཡུལ་ངོས་འཛིན་སོགས་འཁོར་ལམ་ཐོག་གི་བརྙན་རིས་ཐག་གཅོད་བྱེད་ཐུབ་ཀྱི་ཡོད།

    “ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚོང་ལས་འཇིག་རྟེན་འཕུར་སྐྱོད་མཉམ་ལས་དེ་བས་མང་བར་དཔྱད་གཞི་མཁོ་འདོན་བྱས་ཡོད”

    2024ལོར་གསོ་སྦྱོང་ལ་ཞུགས་པའི་མུའུ་ཧན་མོའོ་ཏེ·པ་ལུའུ་ཤིས་ཀྲུང་གོར་སློབ་སྦྱོང་བྱེད་རིང་གི་མྱོང་བ་གཏན་ནས་བརྗེད་མྱོང་མེད། “ཀྲུང་གོའི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ལ་མི་རྣམས་ཡིད་སྨོན་སྐྱེ་འོས་པ་ཞིག་ཡོད། ཀྲུང་གོས་རང་ཉིད་ཀྱི་གསར་གཏོད་ཀྱི་གྲུབ་འབྲས་ང་ཚོར་མཉམ་སྤྱོད་བྱས་ནས་ང་ཚོ་དང་མཉམ་དུ་འཕེལ་རྒྱས་དང་ཡར་ཐོན་ཡོང་བ་བྱེད་ཀྱི་ཡོད”ཧྲ་ཡན་ཅུས་ཀྱིས། ཀྲུང་གོ་ཕྱོགས་ཀྱིས་ཨོ་མན་ལ་འཁོར་འབྲེལ་ཧྲིལ་པོའི་ཞབས་ཞུ་མཁོ་འདོན་བྱས་ནས་ཨོ་མན་གྱི་འཇིག་རྟེན་འཕུར་སྐྱོད་ལག་རྩལ་གྱི་ནུས་པ་ཆེ་རུ་གཏོང་རོགས་བྱས་པ་མ་ཟད། ད་དུང་ཨོ་མན་ལ་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱས་ནས་ཨོ་ཀྲུང་གིས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་སྒུལ་ཤུགས་གསར་པ་བསྣན་ཡོད་ཅེས་བརྗོད།

    ངོ་སྤྲོད་བྱས་པར་གཞིགས་ན། 2025ལོར་ཀྲུང་ཨོས་སྲུང་སྐར་གསར་པ་མང་པོ་མཉམ་དུ་འཕེན་གཏོང་བྱས་ནས་ས་ཁོངས་སྲུང་སྐར་གྱི་སྐར་ཚོམ་རྒྱ་ཆེར་གཏོང་རྒྱུ་རེད། ཧྥན་ཏན་དབྱིང་གིས“ཀྲུང་གོའི་ཚོང་ལས་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་སྤྱིའི་ཁྲོམ་ར་རྒྱ་ཆེར་གཏོང་བའི་རྣམ་གྲངས་ཁག་དང་པོའི་གྲས་ཡིན་པའི་ཨོ་མན་གྱི་སྲུང་སྐར་དང་པོས་འགྲན་སློང་མང་པོ་ཁྱད་བསད་བྱས་ཡོད། ང་ཚོས་འཚོལ་ཞིབ་བྱས་པ་ལས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚོང་ལས་འཇིག་རྟེན་འཕུར་སྐྱོད་མཉམ་ལས་དེ་བས་མང་བར་དཔྱད་གཞི་མཁོ་འདོན་ཐུབ་པའི་རེ་བ་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།