རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རང་ལྗོངས་ཀྱི་2025ལོའི་མཐོ་རྒྱུགས་ཀྱི་གནས་ཚུལ་ལ་སྐོར་ཞིབ་གནང་བ།
རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ཀྱི་ཉིན་དང་པོ་ཡིན་པའི་ཚེས་7ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝུའེ་ཡིས་རུ་སྣེ་ཁྲིད་དེ། རང་ལྗོངས་ཀྱི་མཐོ་རྒྱུགས་ཀྱི་གནས་ཚུལ་ལ་སྐོར་ཞིབ་གནང་ཞིང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཞུགས་པ་རེད།
ལས་དོན་ཚོགས་ཆུང་དང་བཅས་པ་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་དང་། ལྷ་ས་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ། ལྷ་ས་ནག་ཆུ་མཐོ་རིམ་སློབ་འབྲིང་གསུམ་པ་བཅས་ཀྱི་རྒྱུགས་ཚུགས་སུ་ཕེབས་ནས་རྒྱུགས་རའི་འཐབ་ཕྱོགས་དང་པོའི་ལས་དོན་མི་སྣར་གཟིགས་པ་དང་འབྲེལ་རྒྱུགས་སྤྲོད་ལས་དོན་བཀོད་འདོམས་ལྟེ་གནས་འཁོར་རྒྱུག་དང་། ཡིག་རྒྱུགས་སྒྲིག་འཛུགས་ལག་བསྟར། རྒྱུགས་ཚུགས་ཀྱི་སྒྲིག་ཆས་སྒྲིག་བཀོད་དང་། བདེ་འཇགས་སྲུང་སྐྱོང་། སྨན་བཅོས་ཞབས་ཞུ་འགན་སྲུང་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་ས་གནས་ས་ཐོག་ཏུ་ལྟ་ཞིབ་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་རྒྱལ་ཁབ་སློབ་གསོ་རྒྱུགས་ལེན་དང་རྒྱུགས་སྤྲོད་ལས་དོན་བཀོད་འདོམས་ལྟེ་གནས་བརྒྱུད་ལྗོངས་ཡོངས་ཀྱི་མཐོ་རྒྱུགས་ལ་དྲ་ཐོག་ནས་སྐོར་ཞིབ་གནང་བ་དང་། རྒྱུགས་ཁུལ་ཁག་གི་ལས་དོན་སྤེལ་ཚུལ་གསན་པ་མ་ཟད། ཡིག་རྒྱུགས་ཀྱི་་བདེ་འཇགས་དོ་དམ་དང་རྒྱུགས་སྤྲོད་སློབ་མའི་ཞབས་ཞུ་འགན་སྲུང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པའི་བསམ་འཆར་ཡང་བཏོན་གནང་བ་རེད།