རྩྭ་མདའ་རྫོང་བསྟི་ཡག་ཤང་དུ་བཅའ་སྡོད་མངའ་རིས་ས་ཁུལ་ཁྲལ་དོན་ཅུས་ཀྱི་ལས་དོན་རུ་ཁག་གིས་ཁོར་ཡུག་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
དམངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་མཉམ་དུ་བསྐྲུན་ཆེད། ཟླ་6ཚེས་5ཉིན། རྩྭ་མདའ་རྫོང་བསྟི་ཡག་ཤང་རོང་སྟོད་ཆུ་མདོ་བཀོད་སྒྲིག་བྱ་ཡུལ་དུ་བཅའ་སྡོད་མངའ་རིས་ས་ཁུལ་ཁྲལ་དོན་ཅུས་ཀྱི་ལས་དོན་རུ་ཁག་གིས་ཡུལ་མི་སྒྲིག་འཛུགས་བྱས་ནས་ཁོར་ཡུག་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོས་ཁྲོམ་གཞུང་གི་འགྱིག་ཤོག་གད་སྙིགས་སྒྲུག་ཞོར་དུ་ཡུལ་མི་ཚོར་འགྱིག་ཤོག་སྦགས་བཙོག་གི་གནོད་འཚེ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་བ་མ་ཟད། ཁོངས་གཏོགས་ཁུལ་གྱི་ཡུལ་མིར་ཉེ་འགྲམ་གྱི་དོན་དག་ཆུང་ཙག་ནས་འགོ་བརྩམས་ཏེ་ལྗང་མདོག་གི་འདུ་ཤེས་འཚོ་བའི་ཕྱོགས་གང་ས་ཅི་ཐད་དུ་ཁྱབ་པར་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་དེར་རྒྱབ་སྐྱོར་བྱ་རྒྱུའི་ཁྲིད་སྟོན་བྱས་པ་རེད།