དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་ཕྱོགས་རྐྱང་པ་ནས་ཐོངས་མཆན་མི་དགོས་པའི་རྒྱལ་ཁབ་ལྔ་སླར་ཡང་མང་དུ་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཏུང་ཞུའེ། ཀྲུའུ་ཁྲའོ། ཞུས་སི་ཧའེ།   |     སྤེལ་དུས།  2025-06-08

    དེ་རིང་ནས་བཟུང་། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་དང་། ཨ་ཀེན་ཐིན། ཆི་ལི། ཕེ་རུ། ཝུ་ར་ཀུའེ་བཅས་རྒྱལ་ཁབ་ལྔ་ཡི་མིར་ལམ་ཡིག་དཀྱུས་མས་འཐུས་པའི་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཚོད་ལྟའི་ལག་ལེན་བསྟར་ཏེ། ཀྲུང་གོས་ཕྱོགས་རྐྱང་པ་ནས་ཐོངས་མཆན་མི་དགོས་པའི་ཁོངས་མིའི་རྒྱལ་ཁབ་མང་དུ་བཏང་ཡོད།

    2025ལོའི་ཟླ་6ཚེས་1ཉིན་ནས་2026ལོའི་ཟླ་5ཚེས་31ཉིན་བར། གོང་གསལ་རྒྱལ་ཁབ་ལྔ་ཡི་མིས་ལམ་ཡིག་དཀྱུས་མར་བརྟེན་ནས་ཀྲུང་གོར་ཚོང་ལས་དང་། ཡུལ་སྐོར་ལྟ་སྐོར། གཉེན་འཕྲད། སྤེལ་རེས་འཚམས་འདྲི། རྒྱལ་མཚམས་བསྒྲལ་ནས་ཉིན་30ནང་ཚུན་སྡོད་པ་བཅས་ལ་ཐོངས་མཆན་མི་དགོས་པར་རྒྱལ་མཚམས་ནས་འཛུལ་ཆོག་གི་ཡོད།

    དེ་ནི་ཀྲུང་གོ་ཕྱོགས་ཀྱིས་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལ་ཏིང་མེ་གླིང་དང་ཅ་ལེ་པི་ས་ཁུལ་གྱི་རྒྱལ་ཁབ་ལ་ལག་ལེན་བསྟར་ཐེངས་ཐོག་མ་ཡིན་པས། ཕྱོགས་རྐྱང་པ་ནས་ཐོངས་མཆན་མི་དགོས་པར་ཀྲུང་གོར་འོང་ཆོག་པའི་སྲིད་ཇུས་ལག་ལེན་བསྟར་ཡུལ་རྒྱལ་ཁབ་43བར་མང་དུ་ཕྱིན་ཡོད།

    རྒྱལ་ཁབ་དབར་གྱི་འབྲེལ་བ་ནི་དམངས་དབར་འབྲེལ་འདྲིས་བྱེད་པར་ཐུག་ཡོད། ཐོངས་མཆན་མི་དགོས་པའི་ཁྱབ་ཁོངས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་ལས། ཀྲུང་གོའི་སྤྱི་ཚོགས་ཀྱི་སྒོ་དབྱེ་བསྟུན་མཁས་དང་། ཀྲུང་གོའི་མི་དམངས་ཀྱི་སྤྲོ་སེམས་མཛའ་མཐུན་མཚོན་ཡོད་ལ། སྤུས་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བའི་ཀྲུང་གོའི་བློ་བརྟན་འགྱུར་མེད་ཀྱི་གདེང་ཚོད་དང་ཏན་ཏིག་གི་བྱ་སྤྱོད་དེ་བས་མཚོན་ཡོད།

    2023ལོའི་ཟླ་བ་བཅུ་གཉིས་པ་ནས་བཟུང་། ཧྥ་རན་སེ་དང་། སུའུ་ཙེར། ནེའུ་ཙི་ལན། ཕོར་ཐིའུ་ཀལ། སི་ལོ་ཝ་ཁེ་ཡ་སོགས་ཀྱི་རྒྱལ་ཁབ་ལ་ཀྲུང་གོས་སྔ་རྗེས་སུ་ཕྱོགས་རྐྱང་པ་ནས་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཚོད་ལྟའི་ལག་ལེན་བསྟར་ཞིང་། 2024ལོ་ཁོ་ནར། ཕྱོགས་རྐྱང་པ་ནས་ཐོངས་མཆན་མི་དགོས་པའི་སྲིད་ཇུས་འོག་ཀྲུང་གོར་འོང་མཁན་ཕྱི་རྒྱལ་བ་མི་ཐེངས་ཁྲི་339.1ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་1200.6%འཕར་བ་དང་། ད་ལོའི“ལྔ་གཅིག”ངལ་གསོའི་རིང་། ཕྱི་རྒྱལ་བ་རྒྱལ་མཚམས་ནས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་111.5ཟིན་པའི་ཁྲོད། ཐོངས་མཆན་མི་དགོས་པའི་སྲིད་ཇུས་སྤྱོད་འཐུས་ལ་འཚམ་པའི་རྒྱལ་མཚམས་ནས་འཛུལ་མཁན་མི་ཐེངས་ཁྲི་38ཟིན་པ་དེ་དུས་མཚུངས་ལས་72.7%འཕར་བ་སོགས་རེད།

    “ང་ཁྱིམ་མི་དང་ཐུག་འདོད་ཆེན་པོ་འདུག”ཅེས་ཨན་ཧུའེ་ཕྱི་སྐད་སློབ་ཆེན་དུ་སི་ཕེན་གྱི་སྐད་ཡིག་འཁྲིད་བཞིན་པའི་ཆི་ལིའི་སྤྱི་དམངས་ཁཱ་ལུའོ་ལེ་ནཱ·ཨ་ལ་ཡ་ཡིས་དགའ་སྤྲོའི་ངང་བཤད།

    ཀྲུང་གོས་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་ལེན་བསྟར་ཁྱོན་ཆེ་རུ་བཏང་ཚུལ་ཤེས་རྗེས། ཨ་ལ་ཡས་འཕྲལ་དུ་སྤྱི་ཚོགས་འབྲེལ་ལམ་སྟེགས་བུར་གཏམ་བཟང་དེ་ཀུན་ལ་བསྒྲགས་པར་གཉེན་དང་གྲོགས་པོ་མང་པོའི་མོས་བསྟོད་ཐོབ་ཡོད། ཁོང་གིས“ད་ཆ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཡོད་པར་བརྟེན་ཕ་མ་གཉིས་པོས་ངེད་ཚོ་ལྟ་བར་འོང་བར་སྟབས་ཧ་ཅང་བདེ་རུ་ཕྱིན་པས། ཀྲུང་གོར་ཁོང་གཉིས་པོ་ཐུག་རྒྱུའི་རེ་སྒུག་བྱེད་བཞིན་ཡོད”ཅེས་མྱོང་ཚོར་ཟབ་མོའི་ངང་བཤད།

    ཐོངས་མཆན་མི་དགོས་པའི་རྒྱལ་ཁབ་ཟམ་མི་ཆད་པར་མང་དུ་སོང་ནས་མགྲོན་པོར་བསུ་བ་ཞུ་བའི་ཀྲུང་གོའི་སྤྲོ་སེམས་དང་མཛའ་མཐུན་མངོན་པ་མ་ཟད། རྒྱལ་ཁབ་གཞན་ཁག་དང་མཉམ་དུ་གཉིས་ཁེ་གཉིས་ཕན་གྱི་འབྲེལ་བ་འཛུགས་པའི་ཀྲུང་གོའི་འབྲེལ་ལམ་ཡང་མཚོན་པར་བྱས་ཡོད།

    ཨ་ཀེན་ཐིན་གྱི་ཇུས་འདོན་སྒྲིག་གཞི་ཨ་ཀེན་ཐིན་རྒྱལ་སྤྱིའི་འབྲེལ་བའི་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་ཁཱ་ལུའོ་ལ·ལ་མོང་གིས། ཉེ་བའི་ལོ་ཤས་རིང་། ཨ་ཀེན་ཐིན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་ཕྱི་སྦྱོང་སློབ་མའི་དབར་སྤེལ་རེས་དང། རིག་གནས་མཉམ་ལས། ལུས་རྩལ་མཉམ་འགུལ་སོགས་ཁྱབ་ཁོངས་མང་པོའི་སྤེལ་རེས་མཉམ་ལས་གོང་འཕེལ་མྱུར་པོ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོངས་མཆན་མི་དགོས་པའི་རྒྱལ་ཁབ་ཀྱི་ཁྱབ་ཁོངས་མང་དུ་བཏང་བ་དེས་ཀྲུང་གོ་དང་ཨ་ཀེན་ཐིན་དབར་དང་། ཐ་ན་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མི་སྣ་འགྲོ་འོང་ལ་སྔར་བས་སྐུལ་མ་ཐེབས་རྒྱུ་རེད་ཅེས་བཤད།

    ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་བཏོན་ནས་ལོ་བཅུ་ལྷག་ཙམ་སོང་ཞིང་། ཕྱོགས་གཉིས་པོའི་འགྲོ་འོང་མང་དུ་དང་མཉམ་ལས་བྱེད་ཟབ་ཏུ་སོང་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། 2024ལོར། ཀྲུང་གོ་དང་ལ་ཏིང་མེ་གླིང་རྒྱལ་ཁབ་གཉིས་པོའི་ཕྱོགས་མང་ཚོང་དོན་གྱི་དངུལ་འབོར་ཨ་སྒོར་དུང་ཕྱུར་5000ལས་བརྒལ་ཡོད། ཀྲུང་གོའི་ཐོན་རྫས་མང་པོ་ལ་ཏིང་མེ་གླིང་རྒྱལ་ཁབ་ལ་རྒྱ་ཁྱབ་ངང་བཏང་བ་དང་། ལ་ཏིང་མེ་གླིང་ས་ཁུལ་ནས་ཐོན་པའི་ཤིང་འབྲས་ཁྲེ་ལི་ཙི་དང་གླང་ཤ་སོགས་ཀྱང་ཀྲུང་གོའི་ཁྱིམ་ཚང་གི་རྒྱུན་གཏན་བཟའ་བཏུང་ལ་གྱུར་ཡོད།

    ཕྱིས་འབྱུང་རེ་བས་ཁེངས་ཤིང་། ཀྲུང་གོའི་སྒོ་མོ་ཇི་ཙམ་ཕྱེ་བ་དེ་ཙམ་གྱིས་རྒྱ་ཆེ་རུ་སོང་ནས་ཕྱི་རྒྱལ་གྱི་གྲོགས་པོ་མང་པོ་ཀྲུང་གོར་འོང་སྟེ་ཀྲུང་གོ་མཐོང་བ་དང་། ཀྲུང་གོ་ཚོར་བ། ཀྲུང་གོ་ཤེས་རྟོགས་བཅས་ཐུབ་རྒྱུ་དང་། ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་གི་མི་དམངས་དང་མཉམ་དུ་འགྲོ་འོང་དང་སྤེལ་རེས་ཀྱིས་ཕན་ཚུན་རྒྱུས་མངའ་དང་དར་རྒྱས་མཉམ་སྤྱོད་ལ་གཞོལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།