“ནི་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཉིན་བཞིན་གཏིང་ཟབ་ཏུ་འགྲོ་བཞིན་ཡོད”
ནི་ཀྲེ་རི་ཡ་ནི་ཀྲུང་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་སྤྱི་ཁྱབ་ཀན་ཧྲི་ཐེ་ཀེ་པེ་ལ་བཅར་འདྲི་ཞུས་པའི་སྐོར།
“ང་ཀྲུང་གོར་འཚམས་འདྲིར་ཐེངས་13ཡོང་མྱོང་ཡོད། ཡོང་ཐེངས་རེར་ཀྲུང་གོའི་འགྱུར་ལྡོག་གསར་པ་གཏིང་ཟབ་ཚོར་གྱི་འདུག” ནི་ཀྲེ་རི་ཡ་ནི་ཀྲུང་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་སྤྱི་ཁྱབ་ཀན་ཧྲི་ཡུའེ་སེ་ཧྥུ·ཐེ་ཀེ་པེ་ཡིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོར་ཐོབ་པའི་འཕེལ་རྒྱས་གྲུབ་འབྲས་ལ་འཛམ་གླིང་གིས་དོ་སྣང་བྱེད་པ་དང་། དེའི་ཉམས་མྱོང་གིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་དེང་རབས་ཅན་མངོན་འགྱུར་བྱེད་པར་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱས་ཡོད་ཅེས་བརྗོད།
2024ལོའི་ཟླ་9པར་ནི་ཀྲེ་རི་ཡའི་ཙུང་ཐུང་ཐི་ནུའུ་པུའུ་ཡིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་མ་ཟད། ད་དུང་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཡང་ཞུགས་པ་རེད། ཀྲུང་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་བཏང་ནས་ཆུ་ཚད་མཐོ་བའི་ཀྲུང་ནི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ཐག་མགྲིན་གཅིག་ཏུ་བཅད་པ་རེད། ཐི་ནུའུ་པུའུ་ཡིས་ཐེ་ཀེ་པེ་ནི་ཀྲུང་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་སྤྱི་ཁྱབ་ཀན་ཧྲིར་བསྐོ་གཞག་བྱས་པ་རེད། ཐེ་ཀེ་པེ་ཡིས། “ནི་ཀྲེ་རི་ཡ་ཡིས་ནི་ཀྲུང་ཕྱོགས་གཉིས་ཀྱི་ལས་དོན་ལ་ཆེད་བསྐོས་སྤྱི་ཁྱབ་ཀན་ཧྲི་བཙུགས་པ་དེ་ཐོག་ནས་ནི་ཀྲེ་རི་ཡའི་ཕྱི་འབྲེལ་ལས་དོན་ཁྲོད་ཀྲུང་གོའི་གལ་ཆེའི་རང་བཞིན་དང་དེ་བཞིན་ནི་ཀྲེ་རི་ཡ་ཕྱོགས་ཀྱིས་ཕྱོགས་གཉིས་པོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་མཚོན་ཡོད”ཅེས་བརྗོད།
ཉེ་བའི་ལོ་ཤས་རིང་། ཀྲུང་ནི་རྒྱལ་ཁབ་གཉིས་པོའི་མཉམ་ལས་རྒྱུན་མཐུད་ངང་རིམ་སྤོར་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་མ་དངུལ་བཏང་ནས་འཛུགས་སྐྲུན་དང་དོ་དམ་བྱེད་པའི་ལའེ་ཅི་རང་མོས་ཚོང་དོན་ཁུལ་དང་ཨའོ་ཀུང་ཀོང་ཏུང་རང་མོས་ཚོང་དོན་ཁུལ་གྱིས་ས་གནས་དེར་ལས་ཞུགས་ལས་གནས་ཁྲི་2ལྷག་ཙམ་མཁོ་འདོན་བྱས་ནས་ཐད་ཀར་དང་གཞན་བརྒྱུད་ཀྱི་ཐོག་ནས་མ་འཇོག་ཨ་སྒོར་དུང་ཕྱུར་26ཙམ་རག་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྐྲུན་འགན་འཁུར་བའི་ནི་ཀྲེ་རི་ཡའི་རྒྱལ་ཁབ་འོད་སྐུད་ཀྱི་དྲ་བ་གཙོ་བོས་ནི་ཀྲེ་རི་ཡ་དེ་ཉིད“གྲངས་འཛིན་ཨ་ཧྥེ་རི་ཁའི”འགྲན་ལམ་ཐོག་ལམ་ཁུག་འཁོར་བརྒལ་ཐུབ་པ་བྱུང་ཡོད། “ཨ་ཧྥེ་རི་ཁ་དང་ཀྲུང་གོ‘སྤུན་ཟླ’ལྟ་བུ་ཡིན། ནི་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་50ལྷག་ཙམ་རིང་ཕན་ཚུན་བརྩི་འཇོག་དང་རོགས་རམ་བྱས་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཉིན་བཞིན་གཏིང་ཟབ་ཏུ་ཕྱིན་པ་དང་མཉམ་ལས་སྔར་བས་བརྟན་དུ་ཕྱིན་ཡོད” ཐེ་ཀེ་པེ་ཡིས། ནི་ཀྲེ་རི་ཡ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་ཤེས་ལྡན་པའི་གསོ་སྦྱོང་དང་། དབུལ་པོ་ཉུང་གཏོང་། ལས་ཞུགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོའི་དེང་རབས་ཅན་གྱི་ལག་རྩལ་ལ་བརྟེན་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དཔྱད་གཞིར་འཛིན་ཚེ། ནི་ཀྲེ་རི་ཡ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལེགས་སུ་གཏོང་ཐུབ་ལ་མི་དེ་བས་མང་བ་དབུལ་སྒྲོལ་ཐུབ་པར་རོགས་རམ་ཡང་བྱེད་ཐུབ། ནི་ཀྲེ་རི་ཡ་ཕྱོགས་ཀྱིས་ནུས་རྒྱུ་གསར་པའི་རླངས་འཁོར་དང་མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་འཕེལ་རྒྱས་གཏོང་བའི་ཐད་ཀྲུང་གོའི་རྒྱབ་སྐྱོར་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། “འབྱུང་འགྱུར་ནི་ཀྲུང་གིས་མུ་མཐུད་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་བྱས་ནས་ཕྱོགས་གཉིས་པོའི་དམངས་ཚོགས་ལ་བདེ་རྩ་དེ་བས་མང་བ་བསྐྲུན་རྒྱུའི་ཡིད་ཆེས་ཡོད”ཅེས་བརྗོད།
ད་ལོའི་ཟླ་དང་པོར་ནི་ཀྲེ་རི་ཡ་དངོས་སུ་འབོ་གསེར་རོགས་ཟླའི་རྒྱལ་ཁབ་ཏུ་གྱུར་ཡོད། ཐེ་ཀེ་པེ་ཡིས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་ཞིག་ཡིན་པའི་ནི་ཀྲེ་རི་ཡས་འབོ་གསེར་མཉམ་ལས་ནང་ཧུར་ཐག་ཞུགས་ནས་འབོ་གསེར་མཉམ་ལས་ལམ་སྲོལ་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་གྱི་ཡིན་ཞེས་བརྗོད།