དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བྲག་ལྡེབས་ཀྱི“ནེ་པ་ལའི་བ་གམ”ནས“ཚྭ་ལུག་གནའ་ལམ”བར་གྱི་མཐའ་མཚམས་ཉོ་ཚོང་ལྟེ་གནས་གསར་པ།

    སྤུ་ཧྲེང་འགག་སྒོ་ནས་མཐའ་མཚམས་མི་སེར་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-08

    གངས་རི་ར་བས་བསྐོར་བའི་སྤུ་ཧྲེང་རྫོང་གི་ཆ་སྙོམས་ས་བབ་སྨི་3900ལྷག་ཙམ་ཟིན་པ་དང་། གངས་དཀར་ཏི་སི་དང་ཧི་མ་ལ་ཡའི་ནུབ་རྒྱུད་ཀྱི་གྲོག་རོང་དུ་གནས་ཡོད།

    སྤུ་ཧྲེང་རྫོང་གྲོང་ནས་རླངས་འཁོར་ལ་བསྡད་དེ་རྒྱལ་ལམ་564བརྒྱུད་བྱང་ཕྱོགས་སུ་བསྐྱོད་ན། ས་སེར་གྱི་རི་ལྡེབས་སྟར་ཆགས་ཤིག་མཐོང་ཐུབ། དེའི་སྟེང་དུ་བྲག་ཕུག་ཆེ་ཆུང་སྣ་ཚོགས་ཡོད་པ་ནི་ས་གནས་དེ་གའི་མི་རྣམས་ཀྱིས་བརྗོད་པའི“ནེ་པ་ལའི་བ་གམ”ཞེས་པ་དེ་རེད། མིང་དེའི་འབྱུང་ཁུངས་ད་ལྟ་རྟོགས་དཀའ་ཡང་། སྐབས་དེ་དུས་མཚན་མོ་འཆར་རིམ་བཞིན་གནས་སྐབས་སུ་རི་ལྡེབས་ཀྱི་བྲག་ཕུག་ཏུ་གནས་བཅའ་མཁན་ཚང་མས་གློག་འོད་སྤོར་སྐབས་དངོས་གནས“ནེ་པ་ལའི་བ་གམ”དང་ཀུན་ནས་མཚུངས་པའི་རྣམ་པ་ད་ལྟའང་བློ་ལ་འཆར་ཐུབ།

    བྲག་ཕུག་དེ་དག་ཆགས་པའི་སྐོར་ལ། ས་གནས་དེར་རྒྱུས་མངའ་ཆེ་བའི་སྤུ་ཧྲེང་རྫོང་ཨུད་དྲིལ་བསྒྲགས་པུའི་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཀྲོའུ་ཝུན་ཆང་གིས“བྲག་ཕུག་མང་ཆེ་བ་མིས་བཟོས་པ་ཡིན་ལ། རང་བྱུང་གི་བྲག་ཕུག་ཀྱང་ཁག་གཅིག་ཡོད། བྲག་ཕུག་མང་ཆེ་བ་ནི་གནའ་སྔ་མོར་ཡུལ་དེའི་ཡུལ་མིས་བྲག་ལྡེབས་སུ་བཟོས་པ་དང་། ཕྱིས་སུ་ཉམས་གསོ་ཐེངས་མང་བྱས་པ་བརྒྱུད་ད་ལྟའི་རྣམ་པ་ལྟར་ཆགས་ཡོད་པའི”ངོས་འཛིན་བྱེད་ཀྱི་ཡོད།

    བྲག་ཕུག་ནང་འཛུལ་ཚེ། མི་འཚོ་སྡོད་ཀྱི་རྗེས་ཤུལ་གང་སར་མཐོང་རྒྱུ་ཡོད་ལ། གྲལ་འགྲིག་པོ་མེད་ཀྱང་ཆེ་ཆུང་རན་པའི་རྡོ་ལེབ་མང་པོ་ས་ངོས་སུ་བཀྲམ་པ་དང་། བྲག་ཕུག་མང་ཆེ་བར་དུ་དྲེག་ཡང་ཡོད། གསར་འགོད་པས་ས་གནས་དེ་གའི་ཡུལ་མིར་སྐད་ཆ་འདྲི་བར་བསམ་པ་ན། སྟབས་ལེགས་པར་ནེ་པ་ལའི་གཞོན་ནུ་འགའ་ཞིག་གིས་རི་གཤམ་གྱི་ཁང་པའི་སྒོ་འགྲམ་དུ་གད་མོ་འཚེར་འཚེར་བྱེད་བཞིན་ཡོད་པ་མཐོང་བྱུང་།

    མདུན་དུ་ལངས་པའི་ཤིན་ཀེས“ང་ཚོ་འདིར་ལས་ཀ་འཚོལ་བར་ཡོང་བ་ཡིན། འདི་གར་ལས་ཀ་དེ་བས་མང་བ་རག་གི་འདུག”ཅེས་བརྗོད། ཁོང་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་ནས་ཡིན་པ་དང་རོགས་པ་ཁ་ཤས་ནི་ཀྲུང་ནེ་མཐའ་མཚམས་ཉེ་འགྲམ་གྱི་ནེ་པ་ལའི་གྲོང་ཚོ་ནས་རེད།

    ཕྱིར་ལས་ཀ་འཚོལ་བར་འགྲོ་བའི་ཐོག་མའི་དུས་སུ་རྟག་ཏུ་དཀའ་ངལ་ཆེ་བས། གཞོན་ནུ་ལྔ་ཡིས་མཉམ་དུ་ཁང་པ་གཅིག་བོགས་མར་གླས་པ་དང་། གསར་འགོད་པར་འཕྲད་དུས་ཁོང་ཚོས་ཐབ་སྟེང་དུ་སྲན་ཐུག་སྐོལ་བཞིན་འདུག ཁོང་ཚོའི་ཕ་མ་ཚོ་དང་བསྡུར་ན་གཞོན་ནུ་དེ་དག་དྲ་སྦྲེལ་ལ་རྒྱུས་མངའ་ཡོད་ལ་མིག་རྒྱང་ཡང་དེ་བས་ཡངས་པ་ཡོད།

    “ནེ་པ་ལའི་བ་གམ”ནས་རྐང་ཐང་མར་སྐར་མ་10ཙམ་བསྐྱོད་ན་སྤུ་ཧྲེང་མཐའ་མཚམས་ཉོ་ཚོང་ཁྲོམ་རར་འབྱོར་ཐུབ།

    ཡིག་ཆའི་ནང་འཁོད་པར་གཞིགས་ན། སྤུ་ཧྲེང་རྫོང་གི་དམངས་ཁྲོད་མཐའ་མཚམས་ཉོ་ཚོང་ལ་ལོ་ངོ་500ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། 1951ལོར་བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་ཐང་དཀར་མཐའ་མཚམས་ཉོ་ཚོང་ཁྲོམ་རར་དུས་མཚམས་འགའི་འཛུགས་སྐྲུན་དང་འཕེལ་རྒྱས་བརྒྱུད་དེ། 1995ལོའི་གོང་གི་ཐོག་མེད་ཁང་པ་70ནས་80ཙམ་ནས་ད་ལྟའི་ཚོང་པ་སྡོད་ཚད་98%ཟིན་པའི་ཕྱི་ཕྱོགས་ཉོ་ཚོང་ཁུལ་དུ་འཕེལ་ཞིང་། ལོ་རེའི་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་900ཙམ(མི་དམངས་ཤོག་སྒོར)ཟིན་པའི་ཚོང་ཟོག་ཆུང་གྲས་དང་། ཡུལ་སྐོར་དྲན་རྟེན་དངོས་རྫས། མི་རིགས་ལག་ཤེས་བཟོ་རྫས་སོགས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་རྒྱལ་སྤྱིའི་ཚོང་དོན་བསྡུ་འགྲེམས་ལྟེ་གནས་སུ་གྱུར་ཡོད།

    “སྔོན་ཆད་ནེ་པ་ལའི་མཐའ་མཚམས་ཚོང་པ་མང་ཆེ་བ་རྒྱ་གར་གྱི་ཚོང་པ་ཆེ་གྲས་ཀྱི་ལས་རོགས་དང་རྟ་གཡོག་སོགས་རེད་ཅེས་སྤུ་ཧྲེང་གི་རྒན་རྒོན་ཚོས་བཤད” སྤུ་ཧྲེང་གི་མཐའ་མཚམས་ཉོ་ཚོང་དང་མི་ཆོས་རིག་གནས་སྤེལ་རེས་སྐོར་གླེང་སྐབས་ཀྲོའུ་ཝུན་ཆང་གིས་གསར་འགོད་པར། ཚོང་པ་ཆེན་པོས་གླས་པའི་ནེ་པ་ལའི་ནུབ་བྱང་རྒྱུད་ཀྱི་ཧུའུ་མུའུ་ལ་དང་། པ་ཀྲང་། ཏར་ཆིའུ་ལཱ་བཅས་ས་ཆ་གསུམ་གྱི་མཐའ་མཚམས་ཚོང་པ་ཚོས་དུས་རབས་གོང་མའི་ལོ་རབས་60པའི་རྗེས་སུ་གོ་སྐབས་དམ་འཛིན་བྱས་ཏེ། སྔོན་ཆད་སྦྱིན་བདག་གི་ཆེད་དུ་རྟ་ཟོག་དེད་ནས་གང་སར་འགྲོ་བའི་འཚོ་བ་བསྐྱུར་ཏེ་ཚོང་ཙག་ཙིག་རྒྱག་འགོ་བཙུགས། ཁོང་ཚོས་ཀྲུང་གོ་དང་། རྒྱ་གར། ནེ་པ་ལ་བཅས་རྒྱལ་ཁབ་གསུམ་གྱི་མཐའ་མཚམས་ཉོ་ཚོང་ལ་སླར་ཡང་གསོན་ཤུགས་བསྣན་ལ། རྒྱལ་ཁབ་གསུམ་པོའི་མཐའ་མཚམས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་ཡང་འགན་ལེན་བྱེད་ཀྱི་ཡོད་ཅེས་བརྗོད།

    གྱང་དཀར་པོའི་སྟེང་གི་བོད་ལུགས་སྐྲུན་དངོས་ལས་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལྡན་པའི་ཚོང་ཁང་གི་སྒོ་བྱང་དེ་བས་མངོན་གསལ་དོད། ཕྱི་དྲོའི་ཉི་འོད་འོག་ནེ་པ་ལའི་ཚོང་པ་འགའ་སྒོར་སྒོར་དུ་བསྡད་དེ་དགའ་སྤྲོའི་ངང་གླེང་མོལ་བྱེད་ཀྱིན་འདུག གསར་འགོད་པ་དེར་སླེབས་སྐབས་ནེ་པ་ལའི་ཤིང་ཕོར་ཚོང་ཁང་གི་སྦྱིན་བདག་ཧྥེ་ནཱ·ལཱ་མས་སྐུ་མགྲོན་འགའ་ཞིག་ལ་སེམས་རྩ་འཁོལ་པོས་ཤིང་ཕོར་སྣ་ཚོགས་ངོ་སྤྲོད་བྱེད་བཞིན་འདུག ཁོང་གིས་ངའི་ཚོང་ཁང་ཆེན་པོ་མེད་ཀྱང་ལོ་རེར་ཚོང་གཉེར་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་དང་ཁེ་སྤོགས་སྒོར་ཁྲི་5ལྷག་ཙམ་ཟིན་གྱི་འདུག་ཅེས་བཤད། ས་གནས་དེ་གའི་མིས་གསར་འགོད་པར་ཡོང་འབབ་དེ་འདྲ་ནི་ནེ་པ་ལའི་ངོས་ནས་བརྗོད་ན་ཧ་ཅང་མང་པོ་ཞིག་རེད་ཅེས་བརྗོད།

    སྤུ་ཧྲེང་དུ་དམངས་ཁྲོད་ཀྱི་འགྲོ་འོང་སྤེལ་རེས་ནི་མཐའ་མཚམས་ཚོང་དོན་ཁོ་ན་མིན།

    ས་བཀྲར་བལྟས་ན། སྤུ་ཧྲེང་ནི“ཁེར་རྐྱང་དུ་གནས་པ”ལྟར་སྣང་ཡང་དོན་དངོས་ཐོག་འགྲོ་ལམ་ཕྱོགས་བཞི་མཚམས་བརྒྱད་ལ་བསྲིངས་ཡོད། སྤུ་ཧྲེང་གི་ལྷོ་ནུབ་་རྒྱ་གར་དང་འབྲེལ་ལ། ལྷོ་ཕྱོགས་ནེ་པ་ལ་དང་འབྲེལ་ཡོད། མངའ་ཁོངས་ནང་གི་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་ནི་བོད་རྒྱུད་ནང་བསྟན་དང་། རྒྱ་གར་ཆོས་ལུགས། བོན་ཆོས་སོགས་ཀྱི་ཐུན་མོང་གི“གནས་རི”དང“བླ་མཚོ”ཡིན། སྤུ་ཧྲེང་འགག་སྒོ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་སྤྲད་པའི་རྒྱལ་ཁབ་ཀྱི་རིགས་དང་པོའི་སྐམ་ལམ་སྒོ་དབྱེའི་འགག་སྒོ་ཞིག་ཡིན་ལ། རྒྱ་གར་དང་ནེ་པ་ལའི་དམངས་ཚོགས་ཀྱིས“གནས་རི”དང“བླ་མཚོར”མཇལ་བའི་བགྲོད་ལམ་གཙོ་བོ་ཞིག་ཡིན་པ་མ་ཟད། ཀྲུང་གོ་དང་། རྒྱ་གར། ནེ་པ་ལ་བཅས་རྒྱལ་ཁབ་གསུམ་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཆོས་ལུགས་བཅས་སྤེལ་རེས་ཀྱི་འགག་སྒོ་གལ་ཆེན་ཞིག་ཀྱང་རེད།

    ཞེང་ཚད་ལ་སྨི་10ལྷག་ཙམ་ལས་མེད་པའི་རྨ་བྱ་ཁ་འབབ་ལས། སྤུ་ཧྲེང་འགག་སྒོ་དང་ཕ་རོལ་གྱི་ནེ་པ་ལའི་ཡུལ་གསར་གྲོང་ཚོ་གཉིས་ལོགས་སུ་བཀར་ལ། མི་རྣམས་ཁ་སྤྲོད་དུ་ལྟ་བར་འགྲོ་འདོད་ཀྱི་བསམ་པའང་འཕེལ་བར་བྱེད།

    རྨ་བྱ་ཁ་འབབ་སྟེང་གི་དཔྱང་ཟམ་བརྒྱུད་ན་ཡུལ་གསར་གྲོང་ཚོར་སླེབས་ཀྱི་ཡོད། གྲོང་ཚོ་ཆེན་པོ་མེད་པས་རྐང་ཐང་མར་གྲོང་ཚོ་དེ་སྐོར་བར་སྐར་མ་བཅུ་ཙམ་ལས་འགོར་གྱི་མེད། དབེན་འཇམ་གྱི་གྲོང་ཚོ་དེར་མང་ཆེ་བ་བུད་མེད་དང་བྱིས་པ་རེད། ལོ་རེའི་ཟླ་5པ་ནས་ཟླ་10པའི་བར་གངས་རིན་པོ་ཆེ་སྐོར་མཁན་རྒྱལ་སྤྱིའི་ཡུལ་སྐོར་བ་འབོར་ཆེན་དེར་ཡོང་གི་ཡོད་པས་དེ་གར་འཁྲུག་ཆ་ཧ་ཅང་དོད། ནེ་པ་ལའི་ཕྱོགས་ལ་ཐད་འཕུར་གནམ་གྲུའི་སྐྱེལ་འདྲེན་ཞབས་ཞུ་ཡོད་པ་དང་ཐད་འཕུར་གནམ་གྲུ་གྲོང་ཚོའི་ཕྱི་རོལ་གྱི་ལན་ཆིའུ་སྤོ་ལོའི་ཐང་ཕྱེད་ཀའི་ཆེ་ཆུང་གི་གནམ་གྲུ་འཇོག་སའི་ཐང་དུ་འཕུར་འབབ་ཡང་ཡང་བྱེད་ཀྱི་ཡོད་པ་རེད།

    “སྤུ་ཧྲེང་གནས་ཡུལ་ནི‘ཚྭ་ལུག་གནའ་ལམ’གྱི་བརྒྱུད་དགོས་པའི་ས་ཆའང་རེད། ‘ཚྭ་ལུག་གནའ་ལམ’དུ་ཚྭ་དང་ལུག་གཙོར་བྱས་པའི་མཐའ་མཚམས་ཉོ་ཚོང་ཁྲོམ་རའི་སྲོལ་རྒྱུན་ལོ་ངོ་1000གི་གོང་དུ་དེད་ཆོག་པ་དང་། དེ་ལས་ཀྲུང་ནེ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འགྲོ་འོང་ལ་དཔང་པོ་བྱེད་ཀྱི་ཡོད། ཚོང་དོན་འགྲོ་འོང་དེ་རིགས་ནི་རིག་གནས་སྤེལ་རེས་དང་དམངས་སེམས་གཅིག་མཐུན་ལ་སྐུལ་མ་གཏོང་བའི་རྨང་གཞི་གལ་ཆེན་ཡིན། སྤུ་ཧྲེང་གི་འཕེལ་རྒྱས་ཀྱི་མངོན་མེད་སྟོབས་ཤུགས་ནི་ང་ཚོའི་བསམ་ཚོད་ལས་ཆེས་ཆེར་བརྒལ་སྲིད”ཅེས་ཀྲོའུ་ཝུན་ཆང་གིས་བཤད།

    སྦྲེལ་མཐུད། བོད་ལྗོངས་མངའ་རིས།

    མངའ་རིས་ས་ཁུལ་ནི་བོད་ཀྱི་ནུབ་རྒྱུད་དུ་གནས་པ་དང་མཚོ་བོད་ས་མཐོའི་ཤར་རྒྱུད་དུ་ཡོད་ཅིང་། བོད་དང་ཐ་ན་རྒྱལ་ཡོངས་ནས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་ཕྱེ་བའི་མདུན་ས་ཡིན། མངའ་རིས་ནི་ཀསྨིར་ས་ཁུལ་དང་། རྒྱ་གར་དང་ནེ་པ་ལ་སོགས་རྒྱལ་ཁབ་ཀྱི་ཁྱིམ་མཚེས་ཡིན་ལ་ཆ་སྙོམས་ས་བབ་སྨི་4500ཡན་ཟིན་པས། “འཛམ་གླིང་ཡང་རྩེའི་ཡང་རྩེ”དང“ས་མཐོའི་སྟེང་གི་ས་མཐོ”ཞེས་འབོད་ཀྱི་ཡོད།

    ཐང་དཀར་མཐའ་མཚམས་ཉོ་ཚོང་ཁྲོམ་ར་ནི་སྤུ་ཧྲེང་རྫོང་རྨ་བྱ་ཁ་འབབ་ཀྱི་ལྷོ་དང་ཀྲང་ཅེ་གཙང་པོའི་ཤར་དུ་གནས་པ་དང་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་6.27ཟིན་ཞིང་། དེའི་ནང་ཚོང་ཁང་ཁང་མིག་526དང་། ལས་ཤག་གསོལ་མགྲོན་ཁང་ཁང་མིག་172 མཛོད་ཁང་ཆ་ཚང་12བཅས་ཡོད། འཛམ་གླིང་ཡུལ་གྲུ་ཁག་ནས་ཡོང་བའི་ཡུལ་སྐོར་བས་དེ་གར་ཀྲུང་གོ་དང་ནེ་པ་ལའི་རིག་གནས་ཡུལ་སྲོལ་མི་འདྲ་བར་མྱོང་རོལ་བྱེད་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།