དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སློབ་སྦྱོང་དང་། བཤེར་འདོན། བཅོས་སྒྲིག་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ།

    ལྷ་ས་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-08


    པར་འདི་གཉིས་ནི་ལྷ་ས་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་བཞིན་པ།

    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་འགོ་ཚུགས་ཚུན། ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག ལྷ་ས་གྲོང་ཁྱེར་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་བཅས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སློབ་སྦྱོང་སློབ་གསོ་དེ་འདི་ལོའི་ཏང་འཛུགས་སྐྱོང་ལས་དོན་གྱི་ལས་འགན་གཙོ་བོར་བརྩིས་ཏེ། “ནན་པོ”གཙོར་བཟུང་དང“ཏན་ཏིག”རྨང་གཞིར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སློབ་སྦྱོང་དང་། བཤེར་འདོན། བཅོས་སྒྲིག་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་སྟེ་ལས་འགན་ཁག་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་ཡོད།

    ཚད་མཐོའི་མཐོང་ཆེན་བྱས་ཏེ་སློབ་སྦྱོང་སློབ་གསོར་སྐུལ་འདེད་བཏང་བ།

    ལྷ་ས་གྲོང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཇུས་གཞི་ཞིབ་བཤེར་གཏན་འཁེལ་དང་། བཀོད་སྒྲིག མཐུན་སྦྱོར་སྒྲུབ་སྐུལ་བཅས་བྱས་ནས་ཕྱོགས་བཞི་ཡི་ཐད་ཀྱི་ཞིབ་ཕྲའི་ལས་འགན་ཁག་14ཁ་གསལ་བཟོས་ཏེ་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་བར་སྔ་རྗེས་སུ་བླང་བྱ་ཞིབ་ཕྲ་ཐེངས་བཞི་བཏོན་པ་དང“ཟུང་འབྲེལ་གསུམ”དང་། “དོ་གནད་གསུམ”“རྩོམ་ཡིག་ལྔ”སོགས་ཀྱི་ལས་ཀའི་བྱེད་ཐབས་ཁ་གསལ་བཟོས་ཡོད།

    ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་རང་རྟོགས་ངང་བྱ་སྤྱོད་སྤེལ་ནས་འཕྲལ་མ་ཉིད་དུ་བཀོད་སྒྲིག་བྱས་པ་དང་། ལས་ཀའི་བྱེད་ཐབས་ཞིབ་ཕྲ་དང་སྒྲིག་འཛུགས་དང་ལག་བསྟར་ཚགས་ཚུད་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱིས་འཆར་གཞི་བཀོད་ནས་མགྱོགས་མྱུར་ལག་བསྟར་བྱ་རྒྱུའི་མཛུབ་ཁྲིད་བྱས་པས། ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་ཏང་རྩ་འཛུགས་3949ཡིས་ལག་བསྟར་མཐར་ཕྱིན་དང་ཏང་ཡོན་དང་ལས་བྱེད་པ་ཁྲི་6ལྷག་ཙམ་ལ་ཡོངས་སུ་ཁྱབ་པ་རེད། མིག་སྔའི་བར་གཅིག་སྡུད་སློབ་སྦྱོང་ཐེངས་252དང་། ཆེད་དོན་བགྲོ་གླེང་ཐེངས་285 དཔེ་ཀློག་འཛིན་གྲྭ་ཐེངས་283 ཆེད་དོན་འཆད་ཁྲིད་ཐེངས་131 ཉེན་བརྡའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་ཐེངས་44 ཏང་གི་སློབ་གྲྭའི་འཛིན་གྲྭ་དུས་ཐེངས་66བཙུགས་པ། གསོ་སྦྱོང་མི་ཐེངས་3633བཅས་ཟིན་ནས་སློབ་སྦྱོང་སློབ་གསོའི་ཚ་རླབས་ཁྱོན་ཡོངས་ནས་འཕྱུར་ཡོད།

    སློབ་སྦྱོང་གཏིང་ཟབ་དང་ཞིབ་འཇུག་ཚགས་ཚུད་བྱས་ནས་སློབ་སྦྱོང་གི་ཚ་རླབས་མགྱོགས་མྱུར་འཕྱུར་བ།

    ལྷ་ས་གྲོང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ“གྲོས་གཞི་དང་པོར”བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། གྲོང་ཨུད་ཀྱིས་སྣེ་ཁྲིད་ནས་སྔོན་ལ་སློབ་སྦྱོང་བྱས་པ་དང་སྣེ་ཁྲིད་ནས་དཔེ་ཀློག་འཛིན་གྲྭ་དུས་ཐེངས་གཉིས་གཉེར་བ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ཡིག་འབྲུ་རེ་རེ་བཞིན་སློབ་སྦྱོང་བྱས་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་རང་ཉིད་ཞུགས་པ་དང་། འགན་འཁྲི་དང་ལས་ཀར་གཞིགས་ནས་སྤེལ་རེས་དང་བགྲོ་གླེང་གཏིང་ཟབ་བྱས་ཏེ་གྲོང་ཁྱེར་ཡོངས་སུ་སློབ་སྦྱོང་སློབ་གསོ་སྤེལ་བར་དཔེ་སྟོན་བྱས་པ་རེད། མིག་སྔའི་བར་ས་ཁུལ་རིམ་པའི་འགོ་ཁྲིད་བློ་མཐུན་དང་རྫོང་དང་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་ཆེད་དོན་ཏང་གི་སློབ་ཚན་ཐེངས་93ཁྲིད་ཡོད།

    མལ་གྲོ་གུང་དཀར་རྫོང་གིས་སློབ་སྦྱོང་སློབ་གསོ་དེ་ཏང་འཛུགས་སྐྱོང་གི་རྩ་སྲ་རྨང་བརྟན་གྱི་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ“རྫོང་རིམ་པའི་ཏང་གི་སློབ་གྲྭའི་དཔེ་སྟོན་གསོ་སྦྱོང་དང་། ཤང་དང་གྲོང་རྡལ་གྱི་ཏང་གི་སློབ་གྲྭའི་གཙོ་གནད་གསོ་སྦྱོང་། ཀྲི་པུའུ་ཡི་ཐ་སྐྱོང་གསོ་སྦྱོང”བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་སྤྱད་དེ་སློབ་སྦྱོང་སློབ་གསོ་ཁྱོན་ཡོངས་ལ་ཁྱབ་པར་སྐུལ་འདེད་བཏང་བ་དང་། ལྷ་ས་གྲོང་ཨུད་སྐོར་ཞིབ་གཞུང་དོན་ཁང་གིས་སློབ་སྦྱོང་སློབ་གསོ་དེ་སྐོར་ཞིབ་ལས་དོན་དང་མཉམ་འདྲེས་བྱས་ནས་སྐོར་ཞིབ་ཚོགས་ཆུང་དྲུག་གིས་ཏང་ཚོགས་ཆུང་གི་གཟའ་འཁོར་སློབ་སྦྱོང་ལམ་ལུགས་བཙུགས་ཏེ་སློབ་སྦྱོང་དང་བགྲོ་གླེང“རྗེས་སུ་མི་ལུས་པ”བྱས་པ། ལྷ་ས་གྲོང་ཨུད་སྤྱི་ཚོགས་ལས་དོན་པུའུ་ཡིས“གཅིག་རེ་ལྔའི”འབྲེལ་གཏུག་ཞབས་ཞུའི་ལས་ཀའི་ལམ་སྲོལ་བཙུགས་ནས་གསར་དར་ཁྱབ་ཁོངས་ཀྱི་ཏང་རྩ་འཛུགས་དང་ཏང་ཡོན་ལ་དགོངས་དོན་གྱི་གོ་བ་ལོན་པ་དང་སློབ་སྦྱོང་ལ་མྱོང་ཚོར་ཡོང་བར་མཛུབ་ཁྲིད་དང་རོགས་རམ་བྱས་ཡོད།

    ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་གསོ་སྦྱོང་ཚོགས་འདུ་འཚོགས་པ་དང་གྲོན་དངུལ་དོ་དམ་དང་གཞུང་དོན་སྣེ་ལེན་སོགས་རིགས་ཆེན་པོ་བདུན་ལ་དམིགས་ནས་དོན་ཚན་དང་རིགས་རེ་རེ་བཞིན་གསལ་འགྲེལ་བྱས་ཏེ་ནོར་སྲིད་ཁོངས་གཏོགས་སུ་སློབ་སྦྱོང་སློབ་གསོ་གནད་སྨིན་ངང་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།

    བཤེར་འདོན་དང་དག་ཐེར་ཏན་ཏིག་བྱས་ཏེ་རྒྱུན་འཁྱོངས་ལྷོད་མེད་ངང་སྤྱོད་ཚུལ་འགྱུར་བ།

    ལྷ་ས་གྲོང་ཁྱེར་གྱི་རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་རང་ངོས་གསར་བརྗེ་དཔྱིས་ཕྱིན་པ་བྱེད་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ་གནད་དོན་གྱི་གསལ་ཐོ་2དང་ཕྱོགས་28ཀྱི་དཔེ་མཚོན་གནད་དོན་དང་ལྟ་བསྡུར་ནན་ཏན་བྱས་ཏེ་རྣམ་གྲངས་རེ་རེ་བཞིན་ཞིབ་བཤེར་དང་། གནད་དོན་རེ་རེ་བཞིན་འཚོལ་བ། འབྱུང་རྩ་རེ་རེ་བཞིན་སྔོག་པ་བཅས་བྱས་ནས་གནད་དོན་གྱི་གསལ་ཐོ་གྲུབ་ཡོད། ལྷ་ས་གྲོང་ཁྱེར་སྲིད་གཞུང་གཞུང་དོན་ཁང་གིས“དོན་འཁྱོལ་ལ་དམ་འཛིན་དང་། གནད་དོན་ལ་བསམ་གཞིག ཆོས་ཉིད་འཚོལ་བ”བཅས་ཀྱི་ལས་ཀའི་བྱ་ཐབས་བེད་སྤྱོད་ཡག་པོ་བྱས་ཏེ་སྲིད་གཞུང་གི་ལས་དོན་ཕྱོགས་ཡོངས་ནས་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་ཡོད།

    སྟོད་ལུང་བདེ་ཆེན་ཆུས་ཀྱིས་སློབ་སྦྱོང་སློབ་གསོ་དང་ཡིག་ཆ་དང་ཚོགས་འདུ་ཉུང་གཏོང་ལ་མཉམ་འདྲེས་སྐུལ་འདེད་བཏང་བས་དུས་ཚིགས་དང་པོའི་ཚོགས་འདུ་དུས་མཚུངས་ལས་4.3%ཉུང་དུ་ཕྱིན་པ་དང་ཡིག་ཆ་འདོན་པའི་གྲངས་འབོར་དུས་མཚུངས་ལས་37.5%ཉུང་དུ་ཕྱིན་ཡོད། ལྷ་ས་གྲོང་ཨུད་རྩ་འཛུགས་པུའུ་ཡིས“འགན་འཁྲི་ཉིས་བརྩེགས”བརྟན་པོ་ཁུར་ནས་ལས་དོན་དོན་འཁྱོལ་བྱེད་ཤུགས་མི་འདང་བ་དང་། གསང་བ་ཕྱིར་གྱར་བ། ཁ་ཤུགས་ཆེ་བ་སོགས་ཀྱི་གནད་དོན་ཡོ་བསྲང་དང་བཅོས་སྒྲིག་ཤུགས་ཆེན་བྱས་ཏེ། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བརྟེན་ནས“སྣེ་འཁྲིད་པ”དང“དཔེ་སྟོན་པ”ཡག་པོ་བྱས་ཡོད། ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱིས་སྒྲིག་སྲོལ་ལམ་ལུགས་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་སྣེ་ཁྲིད་དེ་ཁྱབ་ཁོངས་ཆེན་པོ་བརྒྱད་ཀྱི་འོས་སྐུལ་ཡིག་ཆ་བཟོས་ནས་སུས་འཇོན་དེ་འགུགས་ཀྱི་ཁྱབ་ཁོངས་ཁྱོན་ཡོངས་ནས་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་བ་རེད།

    ལྷ་ས་གྲོང་ཨུད་ཀྱིས་ཕྱོགས་བསྡུས་འགྲིམ་འགྲུལ་སྒྲིག་ལམ་དང་། དགེ་རྒན་གྱི་ཀུན་སྤྱོད། སྨན་པའི་ཀུན་སྤྱོད། སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་འདོམས་བཅས་ཀྱི“ཆེད་དོན་བཅོས་སྒྲིག་བཞིའི”ལས་དོན་ཆེད་དོན་ཞིབ་འཇུག་བཀོད་སྒྲིག་གིས་སྤེལ་ནས་དོན་འཁྱོལ་བྱེད་པོ་ཁ་གསལ་བཟོ་བ་དང་། བྱེད་ཐབས་ཞིབ་ཚགས་སུ་གཏོང་བ། དག་ཐེར་གྱི་དུས་ཚད་གཏན་འཁེལ་བཟོ་བ་བཅས་བྱས་ཏེ། མིག་སྔར་ཕྱོགས་ཡོངས་ནས་ཆེད་དོན་བཅོས་སྒྲིག་བྱེད་འགོ་ཚུགས་ཡོད།

    སྒོ་དབྱེའི་སློབ་གསོ་སྤེལ་ནས་མི་དམངས་གོང་དུ་བཀུར་བའི་བརྩེ་བ་ཟབ་ཏུ་བཏང་བ།

    ད་ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་12345སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་གྱིས་རེ་ཞུ་ཁག་65942བདག་སྤྲོད་བྱས་པའི་ནང་ནས་རེ་ཞུ་ཁག་64203བསྒྲུབས་ཟིན་པ་དང་བསྒྲུབས་ཚད་97.36%ཟིན་ཡོད་པ་རེད།

    “གོམ་པས་ཚད་འཇལ་ཐབས”དང“འཐབ་ས་དང་པོའི་ལས་དོན་སྒྲུབ་ཐབས”ལག་ལེན་ཤུགས་ཆེན་བསྟར་ནས་དངོས་སྒྲུབ་ཀྱི་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། གཞི་རིམ་གྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་པ་རེད། ས་གནས་རིམ་པའི་འགོ་ཁྲིད་ལས་བྱེད་པས་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། གཞི་རིམ་ཏང་འཛུགས་སྐྱོང་སོགས་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱ་གཞི་52གཏན་འཁེལ་བྱས་ཡོད། མིག་སྔའི་བར་རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཤང་དང་གྲོང་རྡལ(ཁྲོམ་གཞུང)70དང་གྲོང་ཚོ(སྡེ་ཁུལ)316ཡི་དུད་ཚང་དུ་བསྐྱོད་ནས་འཚམས་འདྲི་དང་སྲིད་ཇུས་སྒྲོག་འགྲེལ་སོགས་བྱས་པ་དེ་མང་ཚོགས་མི་ཐེངས་ཁྲི་13ལྷག་ཙམ་ལ་ཁྱབ་པ་དང་། འགལ་བ་དང་རྩོད་གཞི་284བསལ་བ། མང་ཚོགས་ཀྱི་རེ་ཞུ་731བསྡུ་རུབ་བྱས་པ། དམངས་འཚོའི་བྱ་བ་དངོས་322བསྒྲུབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།