2027ལོའི་ལོ་མཇུག་ཏུ་བོད་ལྗོངས་སུ་5Gགཞི་ཁྱོན་ཅན་གྱི་བཀོལ་སྤྱོད་བྱ་རྒྱུ་ཡིན་པ།
ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར། གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས《5Gགཞི་ཁྱོན་ཅན་གྱི་བཀོལ་སྤྱོད་ཀྱི“རླུང་གཡོར”བྱ་སྤྱོད་ལག་བསྟར་ཇུས་གཞི(2025ལོ་ནས་2027ལོ་བར)》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་པ་རེད། 《ལག་བསྟར་ཇུས་གཞིའི》ནང་5Gདྲ་རྒྱའི་ནུས་པ་དང་། བཀོལ་སྤྱོད་ཀྱི་མཐུན་རྐྱེན། བཀོལ་སྤྱོད་ཁོར་ཡུག་བཅས་ལ་དམིགས་ནས“2027ལོའི་ལོ་མཇུག་ཏུ་སླེབས་སྐབས་5Gགཞི་ཁྱོན་ཅན་གྱི་བཀོལ་སྤྱོད་བྱ་རྒྱུ”ཡིན་པའི་སྤྱིའི་དམིགས་ཚད་བཏོན་པ་རེད།
《ལག་བསྟར་ཇུས་གཞིའི》ནང་བཏོན་དོན། “ལྗོངས་ཡོངས་ཀྱི་དྲ་རྒྱའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་། 5Gམཐུན་རྐྱེན་གྱི་ཁྱད་ལྡན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱེད་པ། 5Gཡིས་སྤྱི་པའི་ཞབས་ཞུའི་ཀུན་ཕན་རིམ་སྤོར་ལ་འདེགས་སྐྱོར་བྱེད་པ། 5Gབཀོལ་སྤྱོད་དང་སྐྱེ་ཁམས་མཉམ་འདྲེས་གསར་གཏོད་བཅས”ཀྱི་ཆེད་དོན་བྱ་སྤྱོད་བཞི་སྤེལ་བ་བརྒྱུད། གཙོ་གནད་ལས་འགན་ཁག་18བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ་བོད་ཀྱི་5Gབཀོལ་སྤྱོད་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།5Gཡིས་ལས་རིགས་སྟོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། “དགོས་མཁོས་མཁོ་སྤྲོད་ལ་སྣེ་ཁྲིད་བྱེད། མཁོ་སྤྲོད་ཀྱིས་དགོས་མཁོ་གསར་གཏོད་བྱེད་པའི”ཆུ་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ལས་རིགས་ཡོངས་ཀྱི་སྣེ་ཁྲིད་དེ《ལག་བསྟར་ཇུས་གཞི》དོན་འཁྱོལ་ནན་ཏན་བྱེད་པ་དང་། གཙོ་གནད་ལས་འགན་དོན་འཁྱོལ་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། 5Gབཀོལ་སྤྱོད་ལ་བརྟེན་ནས་ལས་རིགས་སྟོང་ལ་ནུས་པ་འདོན་རྒྱུ་རྒྱུན་འཁྱོངས་བྱེད་པ། ས་མཐོའི་ཁྱད་ཆོས་ལྡན་པའི་ཐོན་ལས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དང་སྤྱི་པའི་ཞབས་ཞུ་གྲངས་འཛིན་ཅན་གྱི་ཀུན་ཕན་རིམ་སྤོར་ལ་མུ་མཐུད་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།