དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྒྲིག་ཁྲིམས་ཀྱི་གཅུས་གཟེར་དམ་དུ་གཏོང་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧུའུ་ཅིན་ཝུའུ། ལིའུ་ཅ་མིན།   |     སྤེལ་དུས།  2025-06-08

    སྒྲིག་ཁྲིམས་འཛུགས་སྐྱོང་ནི་གཅུས་གཟེར་དམ་དུ་གཏོང་བ་དང་འདྲ་བས། དུས་དང་རྣམ་པ་ཀུན་ཏུ་དམ་དུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བའི་དུས་བབ་གསར་པའི་འོག ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། “ནན་པོའི”རྩ་བའི་དགོངས་གཞི་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། སྒྲིག་ཁྲིམས་འཛུགས་སྐྱོང་བྱ་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་སྒྲིག་ཁྲིམས་ཀྱི་ནུས་པ་ཐོན་པ་དང་བཀག་རྒྱའི་ཟིལ་ཤུགས་ཐོན་པར་བྱེད་དགོས།

    ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཟོ་བཅོས་བརྒྱབ་རྗེས་ཀྱི《ཏང་སྲིད་ལས་ཁུངས་ཀྱིས་ཧུར་བསྲི་གྲོན་ཆུང་བྱས་ནས་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》བཀྲམ་སྟེ། ཧུར་བསྲི་གྲོན་ཆུང་དང་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་སྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་ཟ་མཁས་འཐུང་མཁས་བྱེད་པའི་ལམ་ལུགས་ཀྱི་གཅུས་གཟེར་སྔར་བས་དམ་དུ་བཏང་བ་དེ་ཐོག་ནས་ལམ་ལུགས་ཀྱི་རླུང་ཙེ་རྒྱུན་སྲིང་ལྷོད་མེད་ངང་ཚགས་དམ་དུ་གཏོང་བའི་ངེས་ཤུགས་དང་ཆོད་སེམས་མཚོན་ཡོད།

    སྒྲིག་ཁྲིམས་ཀྱི་གཅུས་གཟེར་དམ་དུ་གཏོང་བར་ཐོག་མར་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་པོ་སྐྲུན་དགོས་ཤིང་། མིག་སྔར། ཏང་ཡོན་ལས་བྱེད་པ་ཉུང་ཤས་ཤིག་གིས་སྔར་བཞིན་སྒྲིག་འགལ་ངང་ཟ་འཐུང་བྱེད་པ་དེ་འཇིག་རྟེན་གྱི་འགྲོ་ལུགས་ཞིག་དང་ཡུལ་ཟོག་ཐོན་རྫས་ལེན་པ་དེ“གནད་དོན་ཆུང་ཙག”ཅིག་ལ་བརྩི་ཡི་ཡོད། ངན་རུལ་གཞི་གཅིག་དང་རྩ་བ་དང་འབྱུང་ཁུངས་གཅིག་མཚུངས་ཡིན་པས། ནོར་འཁྲུལ་གྱི་ལྟ་སྟངས་དེ་རིགས་དུས་ཐོག་ཏུ་ཡོ་བསྲང་མ་བྱས་ཚེ་སྒྲིག་ཁྲིམས་ཀྱི་འགོག་སྲུང་འཛིང་རགས་ཐོར་ཞིག་ཏུ་འགྲོ་ངེས་རེད། སྒྲིག་ཁྲིམས་སློབ་གསོ་གཏིང་ཟབ་སྤེལ་ནས་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་སྐོར་གྱི་སློབ་གསོ་དེ་ངེས་སྦྱོང་སློབ་ཚན་ལ་བརྩིས་ཏེ། ཏང་ཡོན་ལས་བྱེད་པ་ཚང་མས་སེམས་གཏིང་ནས་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཐོག“ཐ་མག་སྒམ་ཆུང་གཅིག་དང་། ཨ་རག་ཤེལ་དམ་གང་། ཁ་ལག་ཐེངས་མ་གཅིག”སོགས་བལྟས་ན་ཆུང་ཙག་ཡིན་པའི་སྤྱོད་ཚུལ་གྱི་གནད་དོན་གྱི་གནོད་འཚེར་ངོས་འཛིན་གསལ་པོ་ཐུབ་པར་བྱས་ནས་གུས་སྐྲག་ཤེས་པ་དང་། དོགས་ཟོན་བྱེད་པ། མཐའ་ཚད་སྲུང་བ་བཅས་ཏན་ཏིག་ཐུབ་པར་བྱེད་དགོས།

    སྒྲིག་ཁྲིམས་ཀྱི་གཅུས་གཟེར་དམ་དུ་གཏོང་བར་གཙོ་བོ་ལམ་ལུགས་ལག་བསྟར་བྱེད་པར་བརྟེན་དགོས་ཤིང་། གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》ནང“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྷག་པར་དུ་རྒྱས་སྤྲོས་ཆུད་ཟོས་ཀྱི་སྣང་ཚུལ་བཅོས་སྒྲིག་གཏིང་ཟབ་བྱེད་པར་དམིགས་ཏེ། སྒྲིག་ཁྲིམས་ཀྱི་བླང་བྱ་སྔར་བས་ནན་དུ་བཏང་བ་དང་ལམ་ལུགས་ནན་གོ་ཆོད་པར་བྱས་ཡོད། ལེ་ལག་ཚང་བའི་ལམ་ལུགས་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་ཞིབ་ཕྲའི་གཏན་འབེབས་ཞིབ་ཚགས་སུ་བཏང་ནས། ལག་བསྟར་བྱེད་པར་དེ་བས་གཞི་འཛིན་ས་དང་ལྟ་སྐུལ་བྱེད་པར་དེ་བས་དམ་འཛིན་བྱ་གཞི་ཡོད་པར་བྱེད་དགོས། དེ་དང་ཆབས་ཅིག་ལམ་ལུགས་བཙན་ཞིང་ནན་པོ་ཡོང་བར་ཤུགས་སྣོན་བརྒྱབ་སྟེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་ལ་བཅངས་པའི་གུས་སྐྲག་གི་བསམ་པ་རྒྱུན་འཁྱོངས་ཀྱིས་སྒྲིག་ཁྲིམས་ལ་འགྲན་སློང་བྱེད་རིགས་ཐག་གཅོད་ནན་པོ་བྱས་ནས་གཞན་ལ་ཉེན་བརྡ་བཏང་སྟེ། སྒྲིག་ཁྲིམས་དང་སྒྲིག་སྲོལ་ཁག“གློག་ཡོད་པའི་གློག་ཆེན”ལྟ་བུར་འགྱུར་བར་བྱེད་དགོས།

    སྒྲིག་ཁྲིམས་ཀྱི་གཅུས་གཟེར་དམ་པོ་སྒྲིམ་པར་གཙོ་བོ་རྒྱུན་དུ་ནས་དམ་འཛིན་བྱེད་དགོས་ཤིང་། “རླུང་བུ་འཚུབ་ཐེངས་གཅིག”ལྟ་བུའི་འཕྲལ་རྒོལ་བཅོས་སྒྲིག་བྱེད་མི་རུང་ལ། “ཕུ་ཤོར་བ”ལྟ་བུའི་ལྷོད་གཡེང་གི་བསམ་པའང་འཆང་མི་རུང་། སྒྲིག་ཁྲིམས་ལྟ་སྐུལ་དེ་རྒྱུན་གཏན་གྱི་འཚོ་བར་མཉམ་འདྲེས་བྱས་ནས་ནན་པོ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དོ་དམ་ནན་པོ་བྱེད་པ་ལས་ཁྲལ་སེལ་སླ་བཅོས་མི་བྱེད་པ་དང་། དོ་དམ་བྱེད་ཕོད་པ་དང་ནན་པོ་བྱེད་ཕོད་པ་ལས་སྙིང་རྗེ་མི་བྱེད་པ། ཡུན་རིང་དོ་དམ་དང་ནན་པོ་བྱེད་པ་ལས་ལྷོད་གཡེང་མི་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

    སྤྱོད་ཚུལ་འཛུགས་སྐྱོང་བྱེད་པར་གཙོ་བོ་མཐའ་འཁྱོངས་ཡོང་མིན་ལ་ཐུག་ཡོད་པ་དང་། དཀའ་ཚེགས་ཆེ་ཤོས་མཐའ་འཁྱོངས་བྱེད་པར་ཐུག་ཡོད་ལ། གྲུབ་འབྲས་ཐོབ་མིན་ཡང་མཐའ་འཁྱོངས་ཐུབ་མིན་ལ་ཐུག་ཡོད། དེར་བརྟེན། “ནམ་ཡང་ཚར་དུས་མེད་པའི”བློ་རྩ་བརྟན་པོས་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་ཐོག་འབྱུང་རྩའི་རང་བཞིན་དང་། ཕྱོགས་ལྷུང་རང་བཞིན། སྦས་གསང་རང་བཞིན་བཅས་ཀྱི་གནད་དོན་ལ་དོ་སྣང་ཆེན་པོ་བྱས་ནས། སྒྲིག་ལམ་ནམ་ཡང་དམ་ནན་དང་ལམ་ལུགས་ནམ་ཡང་ཟིལ་ཤུགས་ལྡན་པ་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།