ཞི་ཅིན་ཕིང་གིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོའི་གུས་མཇལ་དང་ལེན་གནང་བ།
ཝང་ཧུའུ་ཉིང་དང་ཚའེ་ཆི་གུས་མཇལ་དང་ལེན་གནང་སྐབས་ལྷན་དུ་ཕེབས་པ།
ཟླ་6ཚེས་6ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོའི་གུས་མཇལ་དང་ལེན་གནང་ཞིང་། འདི་ནི་པཎ་ཆེན་རིན་པོ་ཆེས་ཞི་ཅིན་ཕིང་ལ་མཇལ་དར་འབུལ་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གནས་ཚུལ་འབྱོར་གསལ། ཚེས་6ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོའི་གུས་མཇལ་དང་ལེན་གནང་ཞིང་། ཞི་ཅིན་ཕིང་གིས་པཎ་ཆེན་རིན་པོ་ཆེར་པཎ་ཆེན་སྐུ་ཕྲེང་བཅུ་པ་མིག་དཔེར་བཟུང་ནས་ནང་བསྟན་གྱི་རྟོགས་པ་མཐོ་བ་དང་དད་ལྡན་སེར་སྐྱ་མང་ཚོགས་ཀྱི་དགའ་གུས་ཐོབ་པའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཞིག་ཧུར་ཐག་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་འཆམ་མཐུན། བོད་བརྟན་ལྷིང་འཕེལ་རྒྱས་ཡར་ཐོན་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་སྐུལ་ལྕག་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་གུས་མཇལ་དང་ལེན་གནང་སྐབས་ལྷན་དུ་ཕེབས་ཡོད།
པཎ་ཆེན་རིན་པོ་ཆེས་ཞི་ཅིན་ཕིང་ལ་མཇལ་དར་ཕུལ་བ་དང་འབྲེལ་ཉེ་བའི་ལོ་ཤས་རིང་རང་ཉིད་ཀྱི་སློབ་གཉེར་དང་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པ་རེད། ཞི་ཅིན་ཕིང་གིས་ཁོང་ལ་ཕྱོགས་གང་ས་ཅི་ཐད་ལ་གྲུབ་འབྲས་ཡག་པོ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད།
ཞི་ཅིན་ཕིང་གིས་ཐུགས་རེ་གནང་དོན། པཎ་ཆེན་རིན་པོ་ཆེས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་གནང་སྟེ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཤིང་། སློབ་གཉེར་ཐད་ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་ནས། རྒྱུན་ཆད་མེད་པར་ཆོས་ལུགས་ཀྱི་ཐོས་བསམ་ཟབ་ཏུ་གཏོང་བ་དང་ཆོས་ལུགས་ཀྱི་རྟོགས་པ་མཐོ་རུ་གཏོང་བ་དང་། ཕྱོགས་གང་ཅིའི་ཐད་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་པ་དང་ཁོང་དུ་ཆུད་པར་ཤུགས་སྣོན་རྒྱག་དགོས། ལས་ཀའི་ཐད་ཧུར་ཐག་འབད་ཐག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནུས་པ་དེ་བས་ཆེ་བ་འདོན་དགོས། བློ་སྦྱོང་ཐད་བག་ཡོད་ཚུལ་ལྡན་དང་། ཁྲིམས་སྲུང་སྡོམ་སྲུང་ལ་སྣེ་ཁྲིད། ཕུལ་དུ་བྱུང་བའི་ཀུན་སྤྱོད་དང་བླ་ན་མེད་པའི་སྤྱོད་བཟང་རྒྱུད་ལ་འཇགས་པ་བཅས་བྱེད་དགོས།
པཎ་ཆེན་རིན་པོ་ཆེས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ནན་པོ་བློ་ལ་བརྟན་པོར་ངེས་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་པ་མིག་དཔེར་བཟུང་སྟེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་བཀུར་ཞུ་རྒྱུ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད། མུ་མཐུད་ནས་སློབ་གཉེར་སྒོམ་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ་ནས་ནང་བསྟན་གྱི་ཡོན་ཚད་དང་ཕྱོགས་བསྡུས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ལི་ཀན་ཅེ་བྱེད་སྒོར་ཞུགས་ཡོད་པ་རེད།