2030ལོར་སླེབས་སྐབས་འགག་རྩའི་ལྟེ་བའི་ལག་རྩལ་ཁག་30ཡན་གཙོ་གནད་ཐོག་ཚད་བརྒལ་བྱ་རྒྱུ།
ཚད་འཇལ་དང་གྲངས་འཛིན་ལག་རྩལ་མཉམ་འདྲེས་སྦྲེལ་མཐུད་གཏིང་ཟབ་བྱེད་པ།
ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《ཚད་འཇལ་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དང་འགག་སྒྲོལ་བྱ་སྤྱོད་ཀྱི་ཇུས་གཞི》བཀྲམ་ཞིང་། དེའི་དམིགས་ཡུལ་ནི་ཚད་འཇལ་དང་གྲངས་འཛིན་ལག་རྩལ་མཉམ་འདྲེས་སྦྲེལ་མཐུད་གཏིང་ཟབ་ལ་ཤུགས་སྣོན་བརྒྱབ་སྟེ། ཚད་འཇལ་གྲངས་འཛིན་ཅན་དང་གྲངས་འཛིན་ཚད་འཇལ་ཅན་དམིགས་ཚད་དུ་བྱས་ནས་གྲངས་འཛིན་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་ཚད་ལེན་གྱི་རྨང་གཞི་བརྟན་པོ་འདིང་ཆེད་ཡིན་པ་རེད། ཇུས་གཞིའི་ནང་བཏོན་དོན། 2030ལོར་སླེབས་སྐབས་གྲངས་འཛིན་ཚད་འཇལ་གྱི་འགག་རྩའི་ལྟེ་བའི་ལག་རྩལ་ཁག་30ཡན་གཙོ་གནད་ཐོག་ཚད་བརྒལ་དང་། རང་བདག་ཤེས་རིག་བདག་དབང་ལྡན་པའི་གྲངས་འཛིན་ཚད་འཇལ་སྒྲིག་ཆས་ཁག་10ཞིབ་བཟོ། རྒྱལ་ཁབ་ཀྱི་ཚད་འཇལ་གྲངས་གཞི་འཛུགས་སྐྲུན་ཉེར་སྤྱོད་ལྟེ་གནས་ཁག་80ཡས་མས་སྐྱེད་སྲིང་། རྒྱལ་ཁབ་ཀྱི་ཚད་འཇལ་གྲངས་གཞིའི་ལྟེ་གནས་འཛུགས་སྐྲུན། གཙོ་གནད་ཁྱབ་ཁོངས་ཀྱི་གཙོ་གནད་ལས་རིགས་སུ་རིག་ལྡན་ཚད་འཇལ་ཚོད་ལྟ་ཁང་ཁག་5འཛུགས་སྐྲུན། རྒྱལ་ཁབ་ཚད་གཞི་དཔྱད་གཞིའི་གྲངས་གཞིའི་མཛོད་ཁག་10ཡན་འཛུགས་གཏོད། ཚད་འཇལ་གྲངས་གཞི་བཀོལ་སྤྱོད་ཀྱི་ཕུལ་བྱུང་དཔེ་མཚོན་200སྔོག་འདོན་དང་ཁྱབ་གདལ་བཅས་བྱ་རྒྱུ་མ་ཟད། ཚད་འཇལ་གྲངས་འཛིན་ཅན་དང་གྲངས་གཞིའི་འབྲེལ་ཡོད་ལག་རྩལ་གྱི་ཚད་གཞི་དང་དོ་དམ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲངས་འཛིན་ཅན་གྱི་རིག་ལྡན་ཚད་འཇལ་ལྟ་འདོམས་བྱེད་སྟངས་རགས་ཙམ་བཟོས་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་འཇལ་ལག་རྩལ་ཚད་གཞི་ཁག་10ཡན་གསར་དུ་ཞིབ་བཟོ་བྱ་རྒྱུ་ཡིན་པ་རེད།
ཇུས་གཞིའི་ནང་ལས་འགན་གཙོ་བོ་ཁག་12བཀོད་སྒྲིག་བྱས་པ་དང་། སྔོན་དཔག་བྱས་ན་གྲུབ་འབྲས་ཁག་28ཐོབ་རྒྱུ་ཡིན་པ་རེད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད། ཚད་འཇལ་གྲངས་འཛིན་ཅན་ཕྱོགས་སྒྱུར་གྱི་འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། ཚད་འཇལ་གྱི་གཞི་འཛིན་ས་དང་ཚད་འཇལ་ཚད་གཞི་གྲངས་འཛིན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། ཚད་འཇལ་དཔྱད་ཆས་དང་སྒྲིག་ཆས་གྲངས་འཛིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད།