དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྲན་ཏུང་ཞ་ཅིན་གྱིས“རླུང་དང་ཉི་འོད”ལ་བརྟེན་ནས་ལྗང་མདོག་སྒུལ་ནུས་འཕེལ་བར་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-06-07

    ཤིན་ཧྭ་གསར་འགྱུར་ཁང་ཅིས་ནན་ནས་གློག་འཕྲིན་འབྱོར་གསལ། དབྱར་དུས་ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཁྱེར་ཞ་ཅིན་རྫོང་གི་ཤང་གྲོང་ཁག་ཏུ་བསྐྱོད་ཚེ། ཡུག་གཅིག་ཏུ་འབྲེལ་བའི་འོད་ཤུགས་ཤེལ་ལེབ་ནས་འོད་ཆེམ་ཆེམ་དུ་འཕྲོ་བ་དང་། མཐོ་ཞིང་ཆེ་བའི་རླུང་འཁོར་དལ་གྱིས་འཁོར་བཞིན་ཡོད་ལ། ལྗང་གློག་ལས་ཧྲན་ཏུང་བྱང་རྒྱུད་ཀྱི་གྲོང་རྡལ་ཆུང་ངུ་དེའི་ནུས་རྒྱུའི་གྲུབ་ཆར་འགྱུར་ལྡོག་འགྲོ་བཞིན་ཡོད།

    རྒྱལ་ཁབ་གློག་དྲ་ཞ་ཅིན་རྫོང་གློག་འདོན་ཀུང་སིའི་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། 2024ལོའི་ལོ་མཇུག་བར་ཞ་ཅིན་རྫོང་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་108ཟིན་ནས་ལོའི་གློག་གཏོང་ཚད་ཀྱིས་རྫོང་ཡོངས་ཀྱི་80%ཡི་གློག་སྤྱོད་དགོས་མཁོ་བསྐངས་ཡོད། དེ་གོང་གཙོ་བོ་མེ་ཤུགས་གློག་གཏོང་ལ་བརྟེན་པའི་ཞ་ཅིན་གྱིས་ཉི་མའི་འོད་དང་རླུང་བསེར་ཁྲོད་ནས་ནུས་རྒྱུའི་ལྗང་མདོག་ཕྱོགས་སྒྱུར་གྱི་སྒུལ་ཤུགས་འཚོལ་བཞིན་ཡོད།

    ཞ་ཅིན་ནི་ཧོ་པེ་དང་ཧྲན་ཏུང་སྦྲེལ་མཚམས་སུ་གནས་ཤིང་། རླུང་ནུས་ཐོན་ཁུངས་འདུས་ཚད་སྨི་ངོས་གྲུ་རེར་ཝ་300ཡན་ཟིན་པ་དང་ལོའི་ཉི་འོད་ཕོག་ཡུན་ཆུ་ཚོད་2200ཟིན་གྱི་ཡོད། ཐོན་ཁུངས་ཀྱི་ལེགས་ཆ་དེར་བརྟེན་ནས་ས་གནས་དེས་ནུས་རྒྱུ་གསར་པ་འཕེལ་རྒྱས་གཏོང་བ་རྫོང་ཁོངས་དཔལ་འབྱོར་ཕྱོགས་སྒྱུར་གྱི་དམ་འཛིན་བྱ་གཞི་གཙོ་བོ་ཞིག་ཏུ་བརྩིས་ཤིང་། མིག་སྔར་རླུང་གློག་དང་། འོད་ཤུགས། སྐྱེ་དངོས་ནུས་རྒྱུ་བཅས་གཞི་གཅིག་ཏུ་འདུས་པའི་ལྗང་མདོག་ནུས་རྒྱུའི་མ་ལག་ཅིག་གྲུབ་ནས་ལོའི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་160ཉུང་དུ་ཕྱིན་ཡོད།

    རྒྱལ་ཁབ་གློག་དྲ་ཞ་ཅིན་རྫོང་གློག་འདོན་ཀུང་སིའི་ནུས་རྒྱུ་གསར་པའི་བཀོད་གཏོང་ལྟེ་གནས་ཀྱི་བརྙན་ཤེལ་ཐོག་རྫོང་ཡོངས་ཀྱི་ནུས་རྒྱུ་གསར་པའི་ར་བ་སོ་སོའི་འཁོར་རྒྱུག་གྲངས་གཞི་དུས་ཐོག་ཏུ་མངོན་བཞིན་ཡོད། “མིག་སྔར་ནུས་རྒྱུ་གསར་པའི་ནུས་ཚད་སྔོག་དཔག་གི་གནད་ལ་འཁེལ་ཚད་95%ཟིན་ནས་གློག་དྲའི་བཀོད་གཏོང་ལ་འདེགས་སྐྱོར་གལ་ཆེན་ཐུབ་ཡོད”ཅེས་བཀོད་གཏོང་ལྟེ་གནས་ཀྱི་འགན་འཁུར་བ་མུའུ་དབན་ལིས་བརྗོད།

    ལྗང་གློག་གང་ནས་ཡོང་བ་དང་གང་དུ་འཁྲིད་རྒྱུའི་གནད་དོན་ལ་དམིགས་ཏེ། རྒྱལ་ཁབ་གློག་དྲ་ཞ་ཅིན་རྫོང་གློག་འདོན་ཀུང་སིས“ཁུངས་དྲ་ཐེག་གསོག”མཐུན་སྦྱོར་དོ་དམ་ཚོད་འཛིན་མ་ལག་བསྐྲུན་ནས་གློག་གཏོང་ཀུང་སི་དང་རང་འགུལ་ངང་འབྲེལ་གཏུག་བྱས་ཏེ། གློག་གཏོང་འདོན་མཁོ་གསུམ་གྱི་བཀག་རྒྱ་མེད་པར་བཟོ་བ་དང་། གློག་ནུས་བསྡུ་ལེན་ཡག་པོ་ཐུབ་པ། གློག་དྲའི་གཅིག་གྱུར་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཡོད། ནུས་རྒྱུ་གསར་པའི་གློག་གཏོང་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བ་དང་ཆབས་ཅིག བཟོ་ལས་དང་། ཨར་སྐྲུན། འགྲིམ་འགྲུལ་སོགས་གཙོ་གནད་ལས་རིགས་ཀྱི་གློག་ནུས་ཀྱི་ཚབ་བྱེད་ལ་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཀྱི་གློག་ཤུགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། མྱུར་བགྲོད་གཞུང་ལམ་དང་། ཤང་དང་གྲོང་རྡལ། སྡེ་ཁུལ་བཅས་ཀྱི་གློག་གསོག་ས་ཚིགས་འཛུགས་སྐྲུན་མགྱོགས་སུ་བཏང་བས། མིག་སྔར“འོད་ཉར་གསོག”གཞི་གཅིག་ཅན་གྱི་གློག་གསོག་ས་ཚིགས་ཁག་64བསྐྲུན་ནས་ཤང་དང་གྲོང་རྡལ་ཡོངས་ལ་ཁྱབ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།