ཟླ་དང་པོ་ནས་བཞི་པའི་བར་དམངས་གཉེར་དཔལ་འབྱོར་སྤྱི་ཡོངས་ཀྱི་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་བྱུང་བ།
བྲིན་འཚོང་ཡོང་འབབ་དུས་མཚུངས་ལས་3.6%འཕར་བ།
རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་གསར་དུ་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར(དམངས་གཉེར་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང)གྱི་ཁྲལ་འཇལ་མཁན་གྱིས་ཚན་རྩལ་གསར་གཏོད་དང་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གཙོ་བོའི་ཁྲལ་རིན་གཉིས་གཅོག་དང་ཁྲལ་རིན་ཕྱིར་སློག་གི་དངུལ་འབོར་སྒོར་དུང་ཕྱུར་3518.8ལོངས་སུ་སྤྱད་ནས་བཟུང་ཚད་བཅུ་ཆ་དྲུག་ལྷག་ཟིན་ཏེ། ཁྲལ་རིན་གཟིགས་སྐྱོང་སྲིད་ཇུས་ཀྱི་ཕན་པ་ཐོབ་མཁན་གཙོ་བོ་ཡིན་པ་རེད། ཁྲལ་རིན་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པས་དམངས་གཉེར་དཔལ་འབྱོར་གྱི་གསོན་ཤུགས་ནུས་ལྡན་ངང་འཕེལ་བར་བྱས་ཡོད། ཁྲལ་དོན་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་བཞི་པའི་བར་དམངས་གཉེར་དཔལ་འབྱོར་སྤྱི་ཡོངས་ཀྱི་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་བྱུང་སྟེ་ཕྱོགས་ཚང་མ་ནས་བཀྲག་མདངས་འཚེར་ས་མང་པོ་མངོན་ཡོད་པ་རེད།
འཕེལ་རྒྱས་ཀྱི་དུས་བབ་བརྟན་ཐོག་ཡར་འཕེལ་བྱུང་ཞིང་། གནས་ཐང་འཕར་ཁྲལ་གྱི་བཙོངས་འཛིན་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་བཞི་པའི་བར། དམངས་གཉེར་དཔལ་འབྱོར་གྱི་བྲིན་འཚོང་ཡོང་འབབ་དུས་མཚུངས་ལས་3.6%འཕར་བ་དང་། རྒྱལ་ཡོངས་ཀྱི་ཁེ་ལས་ལས་བརྒྱ་ཆའི་གྲངས་0.9ཡིས་མཐོ་བ་ཡོད་ཅིང་། རྒྱལ་ཡོངས་ཁེ་ལས་ཀྱི་བྲིན་འཚོང་ཡོང་འབབ་བསྡུར་ཚད་ཀྱི་71.3%བཟུང་ཡོད། ལས་རིགས་དབྱེ་ནས་བལྟས་ཚེ། བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་ཐོན་ལས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་བྲིན་འཚོང་ཡོང་འབབ་དུས་མཚུངས་ལས་6.5%དང་15.5%སོ་སོར་འཕར་ཏེ། འཕར་ཚད་རྒྱལ་ཡོངས་ཀྱི་ལས་རིགས་གཅིག་པའི་ཁེ་ལས་ལས་བརྒྱ་ཆའི་གྲངས་1.8དང་1.6གིས་མགྱོགས་ཡོད།
ལས་ཞུགས་མི་གྲངས་བརྟན་པོའི་ངང་འཕར་ཞིང་། ཁྲལ་དོན་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་བཞི་པའི་བར་དམངས་གཉེར་དཔལ་འབྱོར་གྱི་རྒན་གསོའི་འགན་བཅོལ་གྲོན་དངུལ་འཇལ་མཁན་གྲངས་འབོར་གྱིས་ཁེ་ལས་ཡོངས་ཀྱི་ལས་བཟོའི་གྲོན་དངུལ་འཇལ་མཁན་གྲངས་འབོར་གྱི་79.4%བཟུང་བ་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.2ཀྱིས་མཐོ་བ་ཡོད། འཇལ་མཁན་གྲངས་འབོར་དུས་མཚུངས་ལས་0.9%འཕར་བ་དེ་ཁེ་ལས་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་0.2ཀྱིས་མཐོ་བ་རེད།
དམངས་གཉེར་བྱེད་པོ་གསར་པ་རྒྱུན་མཐུད་མང་དུ་ཕྱིན་ཞིང་། ཁྲལ་འབབ་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་ཁྲལ་འབྲེལ་གཉེར་སྐྱོང་བྱེད་པོའི་གྲངས་འབོར་དུས་མཚུངས་ལས་7.6%འཕར་བ་དང་། དེས་རྒྱལ་ཡོངས་ཀྱི་ཁྲལ་འབྲེལ་གཉེར་སྐྱོང་བྱེད་པོའི་བསྡུར་ཚད་ཀྱི་97.6%བཟུང་སྟེ། དཔལ་འབྱོར་གཉེར་སྐྱོང་བྱེད་པོའི་གཞི་གདན་བརྟན་དུ་གཏོང་ཆེད་སྟོབས་ཤུགས་གལ་ཆེན་ལེགས་སྐྱེས་སུ་ཕུལ་ཡོད་པ་རེད།