དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གཞི་རིམ་མང་ཚོགས་གདན་དྲངས་ནས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་བརྒྱུད་རིམ་ཧྲིལ་པོར་ཟུར་ཉན་བྱས་པ།

    དམངས་གཙོའི་ཐབས་ཇུས་འགོད་པའི་བརྒྱུད་རིམ་ལ་དངོས་སུ་བདེན་དཔང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཤན་ཀན།   |     སྤེལ་དུས།  2025-06-07

    ཚོགས་ཁང་ནས་དོན་མ་ཐག་ཚེ་རིང་རྒྱལ་མཚན་གྱིས་སངས་རྒྱས་ཆོས་འཕེལ་དང་ཅི་འཕྲོས་མོལ་འཕྲོས་བྱས། ཚེ་རིང་རྒྱལ་མཚན་ནི་གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་འགྲམ་གྲོང་རྡལ་ནས་ཡིན་པ་དང་། སངས་རྒྱས་ཆོས་འཕེལ་ནི་སྨན་གླིང་གྲོང་ཁྱེར་གནས་ཡུལ་ལྷོ་པ་མི་རིགས་ཤང་གནས་ཡུལ་གྲོང་ཚོའི་ཡུལ་མི་ཡིན་ཞིང་། ཁོང་གཉིས་ཀྱིས“ངེད་གཉིས་ཀ་གཞི་རིམ་ནས་ཡོང་བའི་མང་ཚོགས་ཡིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཟུར་ཉན་བྱེད་པར་གདན་དྲངས་བྱུང”ཞེས་བཤད། ཁོང་གཉིས་ཀའི་ཕ་ཡུལ་ས་མཐོའི་ནགས་ཁུལ་དུ་གནས་པས་ཚོགས་འདུའི་ཐོག་གི་སྐྱེ་ཁམས་སྲུང་སྐྱོང་སྐོར་གྱི་གྲོས་གཞི་ལས་ཁོང་གཉིས་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།

    “སྔོན་ཆད་མི་སེར་ཚོའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཞན་པས་སྨན་རྩྭ་གང་འདོད་ལྟར་འཐུ་བ་དང་ཤིང་སྡོང་གང་བྱུང་དུ་གཅོད་ཀྱི་ཡོད། ད་ཆ་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་སྒོ་ཇེ་ཚང་དུ་ཕྱིན་པའི་ཁར‘རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི’འདུ་ཤེས་ཉིན་རེ་བཞིན་མི་སེམས་སུ་གཏིང་ཟབ་ཟུག་པས། སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཤུགས་ཆེན་ཕྱིན་ཡོད”ཅེས་སངས་རྒྱས་ཆོས་འཕེལ་གྱིས་བཤད་པ་དང་། ཁོང་གིས། ཕ་ཡུལ་དུ་ལོག་རྗེས་འབྲེལ་ཡོད་སྲིད་ཇུས་བྱ་ཐབས་དང་བཅའ་ཁྲིམས་ཤེས་བྱ་ཡུལ་མི་ཚོར་དྲིལ་བསྒྲགས་བྱས་ནས་ཕ་ཡུལ་གྱི་རི་སྔོན་ཆུ་དྭངས་མཉམ་དུ་སྲུང་སྐྱོང་བྱེད་ཀྱི་ཡིན་ཞེས་བཤད།

    ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་རེད་ལ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཀྱང་རེད། “རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་སྤྱི་དམངས་དཀྱུས་མར་སྒོ་མོ་ཕྱེ་སྟེ། ཞིང་འབྲོག་མང་ཚོགས་དང་གཞི་རིམ་ལས་དོན་པས་དམངས་གཙོའི་ཐབས་ཇུས་འགོད་པའི་བརྒྱུད་རིམ་ལ་དངོས་སུ་བདེན་དཔང་བྱེད་དུ་འཇུག་གི་ཡིན”ཞེས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་ཞིབ་འཇུག་ཁང་གི་ཀྲུའུ་རེན་མཱ་ཝེ་མིང་གིས་བཤད་པ་དང་། ཁོང་གིས། འབྱུང་འགྱུར་ད་དུང“མི་དམངས་འཐུས་ཚོགས་ཀྱི་སྒོ་དབྱེའི་ཉིན་མོའི”བྱེད་སྒོ་སྤེལ་ནས་ཏང་ཕྱིའི་འཐུས་ཚབ་མི་སྣ་དང་ཆོས་ལུགས་ལས་རིགས་མི་སྣ་སོགས་སྤྱི་ཚོགས་ལས་རིགས་ཁག་སྒྲིག་འཛུགས་ཀྱིས་མི་དམངས་འཐུས་ཚོགས་སུ་བསྐྱོད་རྒྱུ་འཚོལ་ཞིབ་བྱས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ལེགས་ཆ་དྲིལ་བསྒྲགས་ཡག་པོ་དང་བོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཕན་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱེད་ཀྱི་ཡིན་ཞེས་བཤད།

    “ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས། འཐུས་མིའི་འབྲེལ་གཏུག་ས་ཚིགས་དང་བརྟག་ཞིབ་བཞུགས་མོལ་སོགས་ཀྱི་བྱེད་ཐབས་མང་པོ་བརྒྱུད་མང་ཚོགས་ཀྱི་བསམ་འཆར་ཉན་ཡོད”ཅེས་མཱ་ཝེ་མིང་གིས་བཤད་པ་དང་། ཁོང་གིས། ད་ཐེངས་སྒོ་དབྱེའི་ཚོགས་འདུ་ཟུར་ཉན་གྱི་གསར་གཏོད་བྱེད་ཐབས་ལས“གྲུབ་འབྲས་ཡོངས་བསྒྲགས”ནས“བརྒྱུད་རིམ་ལ་ཞུགས”ཐུབ་པ་བྱུང་སྟེ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གཞི་རིམ་གྱི་ལག་ལེན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད་ཅེས་བཤད།

    ཚོགས་འདུ་གྲོལ་རྗེས། མངའ་རིས་ས་ཁུལ་རུ་ཐོག་རྫོང་དུང་རུ་ཤང་ཨ་རུ་གྲོང་ཚོའི་གྲོང་མི་ཕུར་བཀྲས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བར“ཟུར་ཉན་ལམ་ལུགས་རྒྱུན་མཐུད་ཐུབ་པ་མ་ཟད། ཟུར་ཉན་གྱི་ཁྱབ་ཁོངས་རྒྱ་ཆེ་རུ་བཏང་སྟེ་སྤྱི་དམངས་དེ་བས་མང་བར་དེའི་ནང་ཞུགས་པའི་གོ་སྐབས་ཐོབ་རྒྱུའི་རེ་བ་ཡོད”ཅེས་བཏོན་པར། “སྤྱི་དམངས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཟུར་ཉན་ལ་གདན་དྲངས་པ་ཁོ་ན་མ་ཡིན་པར། གོམ་སྟབས་རྗེས་མར་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་ཆེད་དོན་འདྲི་ཞིབ་སོགས་ལ་རྒྱུན་རྣམ་ཅན་གྱི་སྒོ་ནས་ཟུར་ཉན་བྱེད་པར་གདན་དྲངས་ཏེ། སྤྱི་དམངས་ཞུགས་པའི་ལམ་སྲོལ་སྔར་བས་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་འབྲེལ། དུས་བཀག་ལྟར་བཞུགས་མོལ་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་བསམ་འཆར་དང་གྲོས་འགོ་དུས་ཐོག་ཏུ་ཉན་པ་དང་། དམངས་འདོད་བསྡུ་ལེན་གྱི་ཐབས་ལམ་རྒྱ་སྐྱེད་ཧུར་ཐག་བཏང་སྟེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚང་མས་མི་དམངས་ཀྱི་འདོད་བློ་སྔར་ལས་ལེགས་པར་མཚོན་པ་དང་མི་དམངས་ཀྱི་ཁེ་དབང་སྔར་བས་འགན་སྲུང་ཐུབ་པ་བྱ་རྒྱུ་རེད”ཅེས་པའི་ལན་མྱུར་དུ་འབྱོར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།